རྒྱལ་སྨན་སློབ་དཔོན་ཆེན་མོ་ཉི་མ་མཆོག་གི་རིག་གཞུང་བསམ་བློའི་བགྲོ་གླེང་ཚོགས་འདུ།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། | ཀློག་གྲངས།
ཟླ6པའི་ཚེས23ཉིན། རྒྱལ་སྨན་སློབ་དཔོན་ཆེན་མོ་ཉི་མ་མཆོག་གི་རིག་གཞུང་བསམ་བློའི་བགྲོ་གླེང་ཚོགས་འདུ་གནམ་མཁར་ཟི་ལིང་དུ་བསྡུས་ཤིང་། ཀན་སུའུ་དང་། སི་ཁྲོན། མཚོ་སྔོན་བཅས་ནས་ཕེབས་པའི་བོད་ལུགས་གསོ་རིག་གི་ཆེད་མཁས་པ་དང་མཁས་དབང200ལྷག་ཙམ་གྱིས་རྒྱལ་སྨན་སློབ་དཔོན་ཆེན་མོ་ཉི་མ་མཆོག་གི་རིག་གཞུང་བསམ་བློར་གྲོས་བསྡུར་བྱས་པ་རེད། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིས་ཞིའུ་ཀྲུང་དང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཚོགས་ཀྱི་ཚོགས་གཙོ་ཨེ་ཚོགས་ཆེན། བོད་ཀྱི་མཁས་དབང་གྲགས་ཅན་བློ་བཟང་ལྷུན་གྲུབ་རྡོ་རྗེ། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དོ་དམ་ཅུའུ་ཡི་ཅུའུ་ཀྲང་དོན་འགྲུབ། རྒྱལ་ཁབ་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་པ་རྒན་པ་སངས་རྒྱས་དང་། ཨ་ཁུ་ཉི་མ་མཆོག་གི་སློབ་གྲོགས་ཀརྨ་ཐུབ་བསྟན་སོགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
རྒྱལ་སྨན་སློབ་དཔོན་ཆེན་མོ་ཉི་མ་མཆོག་གིས་གསོ་རིག་གི་ལས་ལ་ཞུགས་པའི་ལོ70ལྷག་ཙམ་རིང་ལ་ཀན་སུའུ་དང་། སི་ཁྲོན། མཚོ་སྔོན་ཞིང་ཆེན་བཅས་དང་དེ་བཞིན་ཕྱི་རྒྱལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཐད་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་ཡོད་ཅིང་། ཚོགས་ཞུགས་ཆེད་མཁས་པ་དང་མཁས་དབང་དག་གིས་མགྲིན་གཅིག་ཏུ་“བྱམས་སྙིང་རྗེའི་སེམས་པ་དང་། ཁྱད་འཕགས་ཀྱི་སྨན་བཅོས་ལག་རྩལ། བླ་ན་མེད་པའི་སྨན་པའི་ཀུན་སྤྱོད”ནི་ཨ་ཁུ་ཉི་མའི་རིག་གཞུང་བསམ་བློའི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
ཚོགས་འདུའི་ཐོག་ཨ་རུ་བོད་སྨན་ཟོང་རྟགས་དྲིལ་བསྒྲགས་སྤྱི་ཁྱབ་ལྟ་སྐུལ་པ་འཕགས་མོ་སྒྲོལ་མས“ཕྱོགས་ལྔ་གཞི་གཅིག”གི་ཐོན་ལས་ཀྱི་ཚབ་བྱས་ནས་ཚོགས་ཞུགས་ཆེད་མཁས་པ་དང་མཁས་དབང་དག་ལ་རྒྱལ་སྨན་སློབ་དཔོན་ཆེན་མོས་ཨ་རུ་བོད་སྨན་ལ་བྱས་རྗེས་བཞག་པའི་ཐད་ཀྱི་གླེང་མོལ་བྱས་ཤིང་། རྒྱལ་སྨན་སློབ་དཔོན་ཆེན་མོ་ཨ་ཁུ་ཉི་མ་མཆོག་ནི་ཨུ་རུ་བོད་སྨན་གྱི་ལག་རྩལ་བློ་འདྲི་བ་ཡིན་པའི་ངོས་ནས་ལོ་མང་རིང་འདུལ་སྦྱོང་དང་། སྨན་སྡེབ་སྦྱོར། སྨན་རྒྱུ་གསལ་འབྱེད་སོགས་ཀྱི་ཐད་བླ་ན་མེད་པའི་བྱས་རྗེས་བཞག་སྟེ་འདུལ་སྦྱོང་དང་སྡེབ་སྦྱོར་ཐད་ཆེད་ལས་ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་བྱས་ཡོད།
ཨ་ཁུ་ཉི་མ་མཆོག་ལོ་ན་བགྲེས་ཀྱང་ནམ་རྒྱུན་ཁོང་གིས་དཀའ་ངལ་ལ་མི་འཛེམ་པར་དུས་རྒྱུན་ཀུང་སིའི་བོད་སྨན་སྡེབ་སྦྱོར་འདུལ་སྦྱོང་གི་ཡུལ་དངོས་སུ་ཕེབས་ནས“ཁྱོད་ཚོས་ཐོན་སྐྱེད་བྱས་པའི་སྨན་རིལ་རེ་རེ་ཚང་མ་ནད་པས་འཐུང་དགོས་པས། གཞན་ལ་ཕན་ཐོགས་པའི་བསམ་པ་བཅངས་ན་གཞི་ནས་སྨན་རིལ་གྱི་ནུས་པ་ཐོན་ཐུབ་པ་དང་། ངེས་པར་དུ་འགྲོ་བ་མིའི་རིགས་ཀྱི་ནད་ཀྱིས་སྡུག་བསྔལ་སེལ་ཆེད་འབད་བརྩོན་བྱེད་དགོས། ”ཞེས་བསླབ་བྱ་གནང་བཞིན་ཡོད།