0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་ལས་གཞི《སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    

 

 

ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་ལས་གཞི་དང་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི”པར་སྐྲུན་འཆར་འགོད་ལས་གཞི《སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

དཔེ་དེབ་འདི་ནི་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་རྣམ་རྒྱལ་ཐར་གྱིས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་བསྒྱུར་བའི་རྒྱ་ནག་གི་གསོ་དཔྱད་བསྟན་བཅོས་ཆེན་པོ་ཞིག་ཡིན་ལ།  མིག་སྔར《སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ》བོད་ཡིག་ཏུ་འགྱུར་བ་ཐེངས་དང་པོ་ཡིན །

དེ་ཡང་མིང་རྒྱལ་རབས་ཀྱི་དུས་སུ་བྱོན་པའི་ལྷ་རྗེ་ལི་ཧྲི་ཀྲེན་ནི་སྤྱིར་ན་རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་ཁྱད་པར་དུ་གསོ་དཔྱད་ལ་མངའ་བརྙེས་པའི་དྲང་སྲོང་ཆེན་པོ་ཞིག་ཡིན།  ཁོང་གིས་དཀའ་བ་བརྒྱ་ཕྲག་ཁྱད་བསད་ཀྱིས་གསོ་དཔྱད་ལ་སྦྱངས་པ་མཐར་ཕྱིན་མཛད་ནས་འགྲོ་བ་ནད་པ་མང་པོའི་ཟུག་རྔུའི་གདུང་བ་བསལ་ཏེ་བདེ་ལ་བཀོད་པ་དང་གསོ་དཔྱད་ཀྱི་བསྟན་བཅོས་མང་པོ་བརྩམས།  ཁྱད་པར་དུ་གནའ་བོའི་རྒྱུད་གཞུང་གི་ཡང་དག་པའི་ཉིང་བཅུད་རྣམས་བསྡུ་ལེན་དང་།  མ་དག་པའི་ངོས་འཛིན་དང་འཁྲུལ་རྙོག་མང་པོ་དོར་བ།  དོན་དངོས་ཀྱི་བདེན་དོན་ཚད་མར་བཟུང་བ། མཐོང་ཐོས་དང་ཉམས་མྱོང་གིས་ཟུར་བརྒྱན་པ། རང་གི་རྣམ་པར་དཔྱོད་པའི་དཔྱད་པ་ཞིབ་མོས་གཏན་ལ་ཕབ་སྟེ་མི་ལོ་ཉི་ཤུ་རྩ་བདུན་གྱི་རིང་འབད་པ་ལྷོད་མེད་གནང་བ་བརྒྱུད་གནམ་འོག་ཀུན་ལ་གྲགས་པའི་གསོ་དཔྱད་སྨན་གྱི་བསྟན་བཅོས《སྔོ་འབུམ་ཆེ་མོ》ཞེས་པ་འདི་མཛད་ནས་ཕྱི་རབས་ཀྱི་དོན་དུ་བཞག་པ་ཞིག་ཡིན།   བསྟན་བཅོས་འདིར་བམ་པོ་ལྔ་བཅུ་ང་གཉིས་ཀྱི་ནང་དུ་ནད་སྣ་ཚོགས་བཅོས་པའི་ཐབས་དང་།  སྡེ་ཚན་བཅུ་དྲུག་ཏུ་ཕྱེས་པའི་སྨན་རིགས་ཆིག་སྟོང་བརྒྱད་བརྒྱ་དགུ་བཅུ་ལྷག་ཙམ་གྱི་མིང་གི་རྣམ་གྲངས་དང་།  ལོ་རྒྱུས།  འབྱུང་ཁུངས།  མཚན་ཉིད། དབྱེ་བ། བཏུ་ཐབས། ལས་སྣོན། རོ་ནུས། གཙོ་བཅོས། སྦྱོར་ཁུངས་སོགས་རྒྱས་བཤད་བསྟན་པའི་ཐོག   སྨན་རིགས་ཆིག་སྟོང་བརྒྱ་དང་བཅུ་མེད་དགུ་ཙམ་གྱི་དཔེ་རིས་བྲིས་ནས་ངོ་སྤྲོད་མཛད་ཡོད།  འདི་ཉིད་དེའི་སྔོན་གྱི་རྒྱའི་སྨན་གཞུང་དང་སྔོ་འབུམ་ཁག་ལས་མཆོག་ཏུ་གྱུར་པ་ཞིག་ཡིན་པས་སྨན་རིགས་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་ཚད་མར་འཛིན་པ་དང་གཙིགས་ཆེན་གནང་བས།  ས་གནས་དང་ཞིང་ཆེན་མང་པོར་ཤིང་པར་དང་། ལྕགས་པར། འཕྲུལ་པར་སོགས་པར་རིགས་འདྲ་མིན་མང་པོར་འཁོད་ཡོད་པ་མ་ཟད། འཇར་པན་དང་། ཁོ་རེ་ཡ། ལཱ་ཏིན།  དབྱིན་ཇི།  ཧྥ་རན་སི། འཇར་མན། ཨུ་རུ་སུ་སོགས་ཀྱི་ཡིག་རིགས་མང་པོར་བསྒྱུར་ནས་ཡུལ་གཞན་མང་པོར་ཁྱབ་ཡོད།

ད་རེས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་རྣམ་རྒྱལ་ཐར་གྱིས་བོད་ཡིག་ཏུ་བསྒྱུར་བ་འདི་ནི་རྒྱའི་གསོ་དཔྱད་ཀྱི་བསྟན་བཅོས་ཆེན་པོ་འདི་བོད་ཡིག་ཏུ་འགྱུར་བ་ཐེངས་དང་པོ་ཡིན་ཞིང་། ཁོང་གིས་ལོ་མང་པོའི་རིང་བསྟན་བཅོས་འདི་རྒྱ་ཆེ་བ་དང་། གཏིང་ཟབ་པ། གྲངས་མང་བ། གནའ་བོའི་རྒྱའི་སྐད་དང་ཡི་གེ་གོ་དཀའ་བ་སོགས་ཕྱོགས་གང་ཅིའི་ངལ་བ་མང་པོ་ཁྱད་དུ་བསད་ནས་ཕྱག་ལས་རྒྱ་ཆེན་པོ་འདི་འདྲ་གནང་། འགྱུར་འདི་ནི་དེ་སྔོན་གསོ་རིག་ལ་ཆ་རྒྱུས་ཡེ་ནས་མེད་པའི་ཡིག་སྒྱུར་པ་རྣམས་ཀྱིས་ཚོད་དཔག་དང་བཅས་ཡིག་འབྲུའི་གོ་དོན་ཐད་སྒྱུར་བྱས་པ་དེ་འདྲ་མ་ཡིན་པར་གཞུང་གི་དགོངས་དོན་ཇི་བཞིན་བོད་ཀྱི་སྐད་ཡིག་ཏུ་ཕབ་པས་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་ཞིག་བཀླགས་པའི་ཚོར་སྣང་འཆར་བ་ཞིག་མཛད་འདུག  གཞུང་ཆེན་པོ་འདི་ཉིད་ཡུལ་གངས་ཅན་པའི་བརྡ་ཡི་ལམ་ནས་དྲངས་པ་ལ་མཁས་པའི་དབང་པོ་གོ་འཇོ་དབང་འདུས་མཆོག་གིས་ཁྱད་ཆོས་རྣམ་པ་བཞིའི་སྒོ་ནས་མཚམས་སྦྱོར་གནང་ཡོད་དེ། 

གཅིག  སྤུར་རྒྱལ་བོད་ཀྱི་ལོ་རྒྱུས་ཐོག་ལེགས་སྦྱར་གྱི་སྐད་ལ་སོགས་པ་མི་རིགས་གཞན་གྱི་སྐད་ཡིག་དུ་མ་ལ་མངའ་བརྙེས་པའི་རྩོད་བྲལ་གྱི་ལོ་ཙཱ་བ་མཁས་པ་བརྒྱ་ཕྲག་དུ་མ་བྱོན་ནས་རྒྱལ་བའི་གསུང་བཀའ་མདོ་རྒྱུད་དང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་གཙོ་བོ་བྱས་པའི་ཆོས་དང་རིག་གནས་སྐོར་གྱི་གཞུང་ཆེ་ཆུང་སྣ་ཚོགས་བགྲང་བའི་ཡུལ་ལས་འདས་པ་དུ་མ་རང་རིགས་ཀྱི་ཡི་གེའི་ཐོག་བསྒྱུར་གནང་མཛད་ཡོད་ཀྱང་གཞུང་འདི་ཉིད་དེ་སྔོན་མཁས་པ་སུས་ཀྱང་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་མེད་པས་གསར་དུ་ཕྱེས་པའི་སྒོ་མོ་ཞིག་ཡིན་པ། 

གཉིས།  གཞུང་འདི་ཉིད་བོད་ཡིག་ཏུ་བསྒྱུར་བས་རང་རེ་བྷོ་ཊའི་ལུགས་ཀྱི་གསོ་དཔྱད་དང་རྒྱ་ནག་ལུགས་ཀྱི་གསོ་དཔྱད་གཉིས་དབར་གཤིབ་བསྡུར་གྱིས་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ཅི་མཆིས་ཤེས་རྟོགས་ཐུབ་རྒྱུར་སྔོན་མེད་ཀྱི་ལམ་བུ་གསར་པ་ཞིག་རྙེད་འཚོལ་བྱུང་བ་མ་ཟད། གོང་སྨོས་མི་རིགས་གཉིས་ཀྱི་རིག་གནས་བརྗེ་རེས་བྱེད་སའི་ཟམ་བུ་གསར་པ་ཞིག་ཀྱང་གསར་འཛུགས་ཐུབ་པར་བྱུང་བ།  

གསུམ།  སྔོན་དུས་རང་རེའི་ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་སོགས་སུ་ཆོས་དང་རིག་གནས་འཚོལ་བར་ཕེབས་སྐབས་ལོ་རྒྱུས་ཐོག་གི་ཆོས་རྒྱལ་རིམ་བྱོན་རྣམས་ཀྱིས་རྒྱུ་ནོར་ལ་ཕངས་སེམས་ཏིལ་འབྲུ་ཙམ་ཡང་མེད་པར་གསེར་སྲང་ཁྲི་ཕྲག་མང་པོ་བསྐུར་ནས་པཎྜི་ཏ་བསྟེན་པ་དང་རྒྱ་གཞུང་འཚོལ་བའི་ཡིག་སྒྱུར་གྱི་འགྲོ་གྲོན་དུ་གཏོང་གནང་མཛད་ཡོད།  ཐེངས་འདིར་བཤེས་གཉེན་རྣམ་རྒྱལ་ཐར་ཉིད་ནས་གཞུང་ཆེན་འདི་ཉིད་སྒྱུར་སྐབས་དེ་འདྲའི་མཐུན་རྐྱེན་གང་ཡང་མེད་བཞིན་དུ་མ་བསྐུལ་དང་བླངས་ཀྱི་སྒོ་ནས་རང་ཅག་གངས་ཅན་པའི་གསོ་དཔྱད་ཀྱི་བསྟན་པ་རིན་པོ་ཆེ་ཕུན་སུམ་ཇེ་ཚོགས་སུ་འགྱུར་བའི་ཆེད་དུ་དམིགས་ནས་དཀའ་ཚེགས་ལ་མ་འཛེམ་པར་བྱ་བ་ཆེན་པོ་འདི་འདྲ་ཞིག་བསྒྲུབས་པ་ནི་འདུན་པ་དཀར་པོ་དང་ལྷག་པའི་བསམ་པ་རྨ་མེད་པ་ཞིག་རེད་ཅེས་ཚིག་ཐག་བཅད་ནས་བརྗོད་ཆོག

བཞི།  བསྟན་བཅོས་འདི་ཉིད་བསྒྱུར་ཚུལ་གྱི་སྐོར་ལ།   དྲི་མེད་འོད་ལས།  ཡུལ་གྱི་སྐད་ཀྱིས་ཆོས་གོ་ན།  །བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ།  །ཞེས་གསུངས་པ་ལྟར།  བསྒྱུར་ཚུལ་ཐད་བོད་ཀྱི་སྔོན་བྱོན་མཁས་པས་མཛད་པའི་བརྡ་དག་གི་གཞུང་དང་མཐུན་ཞིང་ཡུལ་སྐད་ཀྱིས་ཤན་མ་ཞུགས་པར་གོ་བདེ་ཉན་གསལ་ལེགས་པོ་བྱུང་འདུག་ཅེས་བརྗོད་ཆོག་པར་མཆིས།  

མདོར་ན《སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ》འདི་ནི་གཞུང་བཟང་ཞིང་འགྱུར་ལེགས་ལ།  ཁ་གསལ་ཞིང་གོ་བདེ་བ། ཆ་ཚང་ཞིང་དོན་ཟབ་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་པས་བོད་ཀྱི་སྨན་པ་མཁས་ཅན་སྤྱི་དང་ཁྱད་པར་དུ་ལུགས་གཞན་གྱི་གསོ་བ་རིག་པ་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་འདོད་པའི་གང་ཟག་རྣམས་ལ་མཁོ་གལ་ཧ་ཅང་ཆེ་བ་ཞིག་ཡིན་པ་དང་།  ཀྲུང་གོའི་གསོ་བ་རིག་པའི་རླབས་ཆེན་ནོར་མཛོད་སྔོག་འདོན་དང་གོང་འཕེལ་གཏོང་བར་མཁོ་བའི་གལ་ཆེའི་ལག་ཆ་ཞིག་ཀྱང་ཡིན། དེར་བརྟེན་འདི་ནི་རྒྱལ་ཁབ་དང་། མི་རིགས། གསོ་བ་རིག་པའི་བྱ་བཞག་བཅས་ལ་བཞག་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན།  །

 

སྒྱུར་པ་པོ་ངོ་སྤྲོད།

རྣམ་རྒྱལ་ཐར། 1967ལོར་མཚོ་སྔོན་ཞོན་ཧྭ་བིས་མདོ་ཡུལ་དུ་སྐྱེས།  ད་ལྟ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་དང་། ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་གྱི་འགན་བཞེས་ཡོད། གསོ་བ་རིག་པའི་སློབ་གསོ་དང་ནད་ཐོག་ལག་ལེན། ཚན་རིག་ཞིབ་འཇུག་གི་ལས་ལ་ཞུགས་ནས་ལོ་ངོ་སུམ་ཅུ་ལྷག་སོང་། བོད་ཀྱི་གསོ་བ་རིག་པའི་སློབ་གསོ་སློབ་ཁྲིད་དང་ནད་ཐོག་ལག་ལེན། ཚན་རིག་ཞིབ་འཇུག་ཐད་ལ་མཛད་རྗེས་ཆེ། སྔ་གཞུག་ཏུ་རྒྱལ་ཁབ་རིམ་པའི་བོད་ཀྱི་གསོ་བ་རིག་པའི་དངོས་གཞིའི་སློབ་ཁྲིད་རྩ་འཛིན་དང་།  དུས་རབས་ཉེར་གཅིག་པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ། སྨན་སྦྱོར་ཆེད་ལས་ཀྱི་དངོས་ཚན་མུ་འབྲེལ་སློབ་དེབ། དུས་རབས་ཉེར་གཅིག་པའི་དེང་རབས་གསོ་རིག་གི་སློབ་དེབ་སོགས་རྩོམ་སྒྲིག་དང་བསྒྱུར་གནང་མཛད། རིག་གཞུང་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ་ཡོད།  《བོད་སྨན་སྲོག་ཆགས་རིག་པ》དང《མཆིན་པའི་མཚན་ཉིད་བཤད་པ་རྒྱུད་དོན་གསལ་བའི་མེ་ལོང》《འཕེལ་འགྲིབ་ནད་ཀྱི་རྣམ་བཤད》《ཁོང་ནད་གསོ་བའི་རྣམ་བཤད》སོགས་དཔེ་དེབ་བཅུ་ལྷག་པར་སྐྲུན་བྱས།  །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།