བོད་ལྗོངས་ཚན་རྩལ་ཐིང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ལས་སྟེགས་བསྐྲུན་པར་སྐུལ་འདེད་བཏང་བ།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། | ཀློག་གྲངས།
ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་གསལ་ལྟར་ན། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་གྱིས་མཛུབ་ཁྲིད་དང་སྐུལ་འདེད་བཏང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་སྲུང་སྐྱོང་བ་རྡོ་རྗེ་སྒྲོལ་དཀར་གྱིས་མགོ་འཛིན་བྱས་པའི་བོད་ཀྱི་གསོ་བ་རིག་པའི་གནའ་གཞུང་དང་ཚད་ལྡན་ཡིག་ཆའི་གྲངས་འཛིན་ཅན་གྱི་ཞབས་ཞུའི་རྣམ་གྲངས(2020ལོ་དང2021ལོ)ལ་ཉེ་ཆར་གྲུབ་འབྲས་ཞིབ་བཤེར་རྩིས་ལེན་བྱུང་།
ཤེས་གསལ་ལྟར་ན། ལོ་ངོ2000ལྷག་གི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་ནི་བོད་རིགས་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་ཕུན་སུམ་ཚོགས་པའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་བརྒྱུད་ལེགས་ཆ་འཚོལ་བསྡུ་བྱས་པ་མ་ཟད། རིམ་བཞིན་ཆགས་པའི་སྲོལ་རྒྱུན་གྱི་གསོ་རིག་མ་ལག་ཅིག་ཀྱང་ཡིན། བོད་ལུགས་གསོ་རིག་དང་བོད་སྨན་རིག་གཞུང་གི་ཚད་ལྡན་ཡིག་ཆ་དཔེ་དེབ་མང་ཞིང་། དེ་ནི་ཀྲུང་ཧྭའི་གསོ་བ་རིག་པའི་ཤུལ་བཞག་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།
བོད་ལུགས་གསོ་རིག་དང་བོད་སྨན་རིག་པའི་ཚད་ལྡན་ཡིག་ཆ་ནུས་ཆེའི་ངང་སྤྱོད་ཅིང་གྲངས་འཛིན་ཅན་གྱི་དོ་དམ་མངོན་འགྱུར་འབྱུང་ཆེད། ཉེ་བའི་ལོ་འགའི་རིང་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྩ་ཆེའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་འབོར་ཆེན་ཞིག་སྐྱོབ་པའི་ད་ལྟའི་གནས་ཚུལ་ལ་དམིགས་ནས་རྩ་ཆེའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྲོལ་རྒྱུན་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དང་བོད་ལུགས་གསོ་རིག་འཚོལ་ཞིབ་མ་ལག་ཇུས་འགོད་དང་གསར་སྤེལ་རྣམ་གྲངས་ཇུས་འགོད། གསར་སྤེལ་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་དང་ཆབས་ཅིག་རྩ་ཆེའི་རིག་གཞུང་དང་ཚད་ལྡན་ཡིག་ཆའི་བོད་རྒྱ་ཡིག་རིགས་དཀར་ཆག་མགྱོགས་མྱུར་ངང་བཟོས་པ་དང་། མིག་སྔར། རྣམ་གྲངས་དེར་ཆེད་ཁམས་པའི་ཚོགས་ཆུང་གིས་ཞིབ་བཤེར་རྩིས་ལེན་ཐོབ་ཡོད།
གཞི་གྲངས་མཛོད་ནང་སྨན་དོན་ལས་དོན་པས་བོད་རྒྱ་སྐད་ཡིག་གཉིས་ཀྱི་འགག་རྩའི་ཐ་སྙད་དང་དེ་བཞིན་གནད་བསྡུས་ཀྱི་དཀར་ཆག་སོགས་ཀྱི་བྱ་ཐབས་བརྒྱུད། མཛོད་ཉར་ཐོན་ཁུངས་ཀྱི་དེ་སྔའི་གཞི་གྲངས་འཚོལ་ཐུབ་པ་དང་ནད་རིགས་མང་པོའི་ནད་རྐྱེན་དང་དེ་བཞིན་སྨན་ཐོ་སོགས་འབྲེལ་ཡོད་ནད་བརྟག་སྨན་བཅོས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱང་འཚོལ་ཐུབ་ལ། སྟབས་བདེའི་འཚོལ་ཞིབ་བརྒྱུད་རྒྱ་ཆེའི་བོད་ལུགས་གསོ་རིག་དང་བོད་སྨན་ལས་དོན་པ་དང་ཞིབ་འཇུག་པར་ཚོད་འཛིན་མི་བྱེད་པ་དང་དབང་གྲགས་ལྡན་པའི་གྲངས་འཛིན་ཅན་གྱི་ལས་ཀའི་སྟེགས་བུ་ཞིག་ཡོད་པ་དེས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ལ་དོ་དམ་ནུས་ལྡན་ཐུབ་རྒྱུ་རེད།
“རྣམ་གྲངས་དེས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་བེད་སྤྱོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། རྒྱལ་ཁབ་ཀྱི་རིག་གནས་བདག་དབང་དང་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན”ཞེས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བཤད་པ་དང་། ཁོང་གིས་མ་འོངས་པར་ཚན་རིག་དང་མཐུན་པའི་སྒོ་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ལས་སྟེགས་བསྐྲུན་རྒྱུ་དང་སྐུལ་འདེད་ཏན་ཏིག་བཏང་ནས། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཞིབ་འཇུག་དང་སློབ་གསོ་སློབ་ཁྲིད། ཐོན་ལས་འཕེལ་རྒྱས་བཅས་ལ་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞེས་བསྟན།