མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཕེལ་རྒྱས་འཆར་འགོད་གཏན་འབེབས་བྱས་པ།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། | ཀློག་གྲངས།
ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཁང་གིས《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཕེལ་རྒྱས་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་ཀྱི་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།
《འཆར་འགོད》ཁྲོད“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ལུགས་གསོ་རིག་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ལུགས་གསོ་རིག་གི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཐབ་ཇུས་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕར་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གཉིས་ཀ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། “སྙིང་བཅུད་རྒྱུན་འཛིན་དང་བདེན་སྲུང་གསར་གཏོད”གཙོ་ཐིག་ཏུ་བཟུང་ནས། མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ་དེ་མགོ་འཛུགས་ས་དང་གཞི་ཚུགས་སར་བརྩིས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བྱ་གཞག་དེ་རྒྱུན་འཛིན་གསར་གཏོད་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས་པར་བསྟན།
《འཆར་འགོད》ལས2025ལོར་བསླེབ་དུས། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་དང་སྔོན་འགོག བདེ་སྲུང་། སློབ་གསོ། ཚན་ཞིབ། ཐོན་ལས། རིག་གནས། ཕྱི་ཕྱོགས་བརྗེ་རེས་སོགས་ཁྱབ་ཁོངས་སོ་སོའི་མཐུན་སྦྱོར་འཕེལ་རྒྱས་དུས་རིམ་གསར་བར་སླེབས་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་ཞབས་ཞུའི་ནུས་པ་མངོན་གསལ་གྱིས་མཐོར་འདེགས་བྱུང་ནས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཇོན་མིའི་སྐྱེད་སྲིང་ལ་གྲུབ་འབྲས་ཐོབ། ཀྲུང་ལུགས་གསོ་རིག་གི་རྒྱུན་འཛིན་གསར་གཏོད་ནུས་པ་རྒྱུན་མཐུད་ངང་ཤུགས་བསྣན་ཏེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་རིག་གནས་དར་སྤེལ་བཏང་སྟེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྒོ་འབྱེད་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་དེ་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཡོད་པར་བསྟན།
《འཆར་འགོད》ཁྲོད་གཙོ་གནད་ལས་དོན་ཕྱོགས་བདུན་ནས་བྱེ་བྲེག་གི་ལས་འགན22བཏོན་ཡོད་ཅིང་། འཕེལ་རྒྱས་དམིགས་ཚད་གཙོ་བོ13དང་ཆེད་བསྒྲིགས7བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་ཀྱི《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཀྲུང་ལུགས་གསོ་རིག་འཕེལ་རྒྱས་འཆར་འགོད》ཁྲོད་བཀོད་སྒྲིག་བྱས་པའི་འཕེལ་རྒྱས་དམིགས་འབེན་དང་བསྡུར་ན། དེའི་ཁྲོད་དམིགས་འབེན4མཚོ་སྔོན་ཞིང་ཆེན་གྱིས་ལེགས་འགྲུབ་བྱུང་ཡོད་པས། ཡང་བསྐྱར་བཀོད་སྒྲིག་བྱས་མེད། གཞི་རིམ་ཁྲོད་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་སྟེ། གཞི་རིམ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་གི་ནང་སྙིང་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་ཆེད། “ཡན་ལག་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་གི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་འཕྲོད་བསྟེན་ཁང་བསྡུར་ཚད(%)དང་། གཞི་རིམ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་གི་ནད་བརྟག་སྨན་བཅོས་མི་ཐེངས་ཀྱིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁྲོད་ནད་བརྟག་སྨན་བཅོས་བྱས་པའི་བསྡུར་ཚད(%)”བཅས་དམིགས་ཚད་རྣམ་གྲངས2ཀྱི་བཀོད་སྒྲིག་ཁ་སྣོན་བྱས་ཡོད།
《འཆར་འགོད》ཁྲོད་ད་དུང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བདེ་ཐང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུ་ནུས་པ་མཐོར་འདེགས་སུ་གཏོང་བ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཚན་རྩལ་དར་སྤེལ་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྐང་འཛིན་མི་སྣ་སྐྱེད་སྲིང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཕྱི་ཕྱོགས་བརྗེ་རེས་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་བྱ་བའི་ལས་འགན་གཙོ་བོ་བདུན་གྱི་ཕྱོགས་ནས་གཏན་འཁེལ་གསལ་བོ་བྱས་ཡོད། །