“དྲ་ཐོག་བོད་ལུགས་སྨན་ཁང་”བཙུགས་ཏེ་རོང་འབྲོག་མང་ཚོགས་ལ་སྨན་བཅོས་ཞབས་ཞུའི་བྱེད་ཐབས་བཟང་པོ་བཏོན།
ཡོང་ཁུངས། | ཀློག་གྲངས།
ཤིན་ཧྭ་དྲ་བ་ནས་འབྱོར་པའི་གསར་འགྱུར། ཟླ3ཚེས30ཉིན་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་བྱས་ཐོག་གསར་དུ་བཏོད་པའི“དྲ་ཐོག་བོད་ལུགས་སྨན་ཁང”དངོས་སུ་སྤྱོད་འགོ་ཚུགས་པ་རེད།སྟེགས་བུ་དེའི་བརྒྱུད་ནས་དྲ་ཐོག་ནས་ནད་ལ་ལྟ་དང་།དྲ་ཐོག་ནས་སྨན་བཅོས། དེ་བཞིན་སྨན་སྟེར་བ།(རྒྱ་བོད་སྐད་གཉིས)སྨན་སྐྱེལ་སོགས་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཏེ། རོང་འབྲོག་ཁུལ་གྱི་མང་ཚོགས་དག་གིས་ནད་ལ་ལྟ་དཀའ་བ་དང་སྐད་རིགས་ཀྱི་དབང་གིས་གོ་བརྡ་མི་འཕྲོད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་ཞབས་ཞུའི་སྟབས་བདེར་གྱུར་ཡོད།
“དྲ་ཐོག་བོད་ལུགས་སྨན་ཁང”ནི་མཚོ་སྔོན་ཞིང་ཆེན་གྱིས“དྲ་བ་དང་སྨན་བཅོས”མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་དྲ་ཐོག་ལས་སྟེགས་ཤིག་རེད། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཝང་ཐིང་ཅུན་གྱིས་བཤད་རྒྱུར“དྲ་ཐོག་བོད་ལུགས་སྨན་ཁང”གིས་དྲ་བ་དང་བོད་ལུགས་གསོ་རིག་ཟུང་འབྲེལ་དམ་ཚགས་བྱས་ནས་ནད་པ་ས་ཐག་རིང་དུ་ཡོད་པ་དང་། སྨན་བཅོས་བྱེད་དུ་ཡོང་བར་དུས་ཚོད་འགོར་འགྱང་བྱེད་པ་བཅས་ཀྱི་ཡུལ་དུས་གནད་དོན་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་སྨན་བཅོས་ཀྱི་བྱེད་པའི་འདོད་བློ་བསྐངས་ནས་སྨན་བཅོས་ཞབས་ཞུ་སླར་ཡང་རྒྱ་ཆེར་བཏང་བ་དང་དམངས་ལ་སྟབས་བདེ་བསྐྲུན་ཡོད། “སྨན་པ་སྐུ་བདེ་མོ། ང་ད་ལྟ་ཕུང་པོ་བདེ་པོ་མི་འདུག ཆད་སྣང་གིས་མི་གཟོད་ལ་དང་ལུས་པོའི་ལྗིད་ཚད་ཀྱང་ཆག ཁྱེད་རང་ལ་འོ་བརྒྱལ་བཟོས་སོང་ལགས། ཁྱེད་ཀྱིས་ངས་སྨན་གང་བསྟེན་ན་ལེགས་པར་གསོལ་རོགས།” འབྲོག་པ་ཉི་མ་དོན་འགྲུབ་ཀྱིས་ལག་ཐོགས་ཁ་པར་བརྒྱུད་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་། ཉི་མ་དོན་འགྲུབ་ད་ལོ་ལོ30ལ་སླེབས་ཤིང་།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་རག་སྨད་གྲོང་རྡལ་འབེན་མ་གྲོང་ཚོར་སྡོད་ཀྱི་ཡོད། ཁོ་དུས་རྒྱུན་འཕྲུལ་རྟར་ཞོན་ནས་རག་སྨད་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་ཡེ་ཡོད།ལམ་ཐག་ལ་ཆུ་ཚོད་གཅིག་ཙམ་འགྲོ་དགོས་ཀྱི་ཡོད། ཉི་མ་དོན་གྲུབ་ཀྱིས་བཤད་རྒྱུར། “ད་ཆ‘དྲ་ཐོག་བོད་ལུགས་སྨན་ཁང་’བརྒྱུད་དེ་ཁྱིམ་ནས་བསྡད་དེ་སྐད་གྲགས་ཆེ་བའི་རིགས་གཅིག་མཁས་ཅན་སྨན་པར་དུས་ཆད་བྱས་ནས་སྨན་བཅོས་བྱེད་ཆོག་པ་མ་ཟད། སྨན་བླུས་རྗེས་སུ་ཁྱིམ་དུ་སྐྱེལ་ཐུབ་ཀྱི་ཡོད་པས་དངོས་འབྲེལ་སྟབས་བདེ་པོ་འདུག”ཟེར།
རག་སྨད་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཡོན་ཀྲང་གྲགས་པ་འོད་ཟེར་གྱིས་གསར་འགོད་པར་བཤད་རྒྱུར། མིག་སྔར་འཕྲོད་བསྟེན་ཁང་གིས་གྲོང་རྡལ་ཡོངས་ཀྱི་མང་ཚོགས་ཁྲི2ཙམ་ལ་ཞབས་འདེགས་ཞུ་གི་ཡོད་མོད། འོན་ཀྱང་སྨན་པ་ཅུང་དཀོན་པས“དྲ་ཐོག་བོད་ལུགས་སྨན་ཁང་”བརྒྱུད་མང་ཚོགས་ལ་དུས་ཐོག་ཏུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད།དེ་དང་ཆབས་ཅིག་འཕྲོད་བསྟེན་ཁང་གི་སྨན་རྫས་རིགས་ལ་ཚད་ཡོད་པས་དེ་སྔ་མང་ཚོགས་ཀྱི་དགོས་མཁོ་དུས་ཐོག་ཏུ་སྐོང་ཐུབ་ཀྱི་མེད།ད་ཆ་ལས་སྟེགས་འདི་བརྒྱུད་ནས“དྲ་ཐོག་ནས་སྨན་ཉོ་བའི”བྱེད་ནུས་ལ་བརྟེན་ནས་མང་ཚོགས་ཀྱི་ནད་གཞི་ཡང་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ། “དྲ་ཐོག་བོད་ལུགས་སྨན་ཁང་གིས་ཞིང་ཆེན་རིམ་པའི་སྨན་བཅོས་ཞབས་ཞུ་གཞི་རིམ་དུ་ཕྱིན་པར་རོགས་རམ་བྱས་པ་དང་སྟེགས་བུ་བཙུགས་རྗེས་སུ། ཞིང་ཆེན་བོད་སྨན་ཁང་གི་སྨན་བཅོས་བྱས་པའི་ནད་པ་དུས་ཐོག་ཏུ་འཕྲོད་བསྟེན་ཁང་དུ་ཡོང་ཆོག་ལ། ང་ཚོ་གཞི་རིམ་སྨན་ཁང་གིས་མཇུག་མཐའི་སྨན་བཅོས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁུར་གྱི་ཡོད”ཅེས་ཟེར།
ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་འགོ་གཙོ་ཡིས“དྲ་ཐོག་བོད་ལུགས་གསོ་རིག”ནི་བློ་འདྲི་ཡུལ་དང་། བསྐྱར་བཅོས། རྒྱ་བོད་སྐད་ཡིག་གཉིས་ཀྱི་སྨན་ཐོ་བཟོས་ནས་ཞིབ་བཤེར་གཏན་འབེབས། ཟོག་འགྲེམས་སྡེབ་སྐྱེལ་སོགས་གཞི་གཅིག་ཅན་གྱི་དྲ་ཐོག་ཞབས་ཞུའི་མ་ལག་ཅིག་རེད། རྣམ་གྲངས་དེ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་དེས་དངུལ་རྩའི་སྒྲིག་གཞིའི་ཤུགས་ལ་བརྟེན་ནས་སྨན་ཁང་གིས་དེ་བས་ཁྱབ་རྒྱ་ཆེ་བའི་སྨན་བཅོས་ཐོན་ཁུངས་བསྡུ་སྒྲིལ་དང་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད།