བདེ་ཆེན་གྱིས་བོད་ལུགས་གསོ་རིག་བྱ་གཞག་དར་འཕེལ་ལ་འགན་ལེན་བྱེད་པའི་ཁྲིམས་བཙུགས་པ།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། | ཀློག་གྲངས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་གསོ་རིག་གི་སྲོལ་ཡིག་ བརྡས་ཐག་བཅད་ནས་ཆོག་མཆན་བཀོད་དེ། སྔར་ལས་ལྷག་པར་བདེ་ཆེན་ཁུལ་གྱི་བོད་ལུགས་གསོ་རིག་བྱ་གཞག་གི་དར་འཕེལ་ལ་ཁྲིམས་ལུགས་འགན་ལེན་བཏོན་པ་རེད།
སྲོལ་ཡིག་གིས་བོད་ལུགས་གསོ་རིག་གི་ཞབས་ཞུ་དང་། བོད་ལུགས་གསོ་རིག་གི་སྲུང་སྐྱོང་དང་དར་འཕེལ། བོད་ལུགས་གསོ་རིག་གི་སློབ་གསོ་དང་ཚན་རིག་ཞིབ་འཇུག བོད་ལུགས་གསོ་རིག་གི་འགན་ལེན་དང་རྒྱུན་འཛིན་སོགས་ཀྱི་ཐད་ནས་གཏན་འབེབས་བྱས།
སྲོལ་ཡིག་ཏུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བོད་ལུགས་གསོ་རིག་གི་སྨན་བཅོས་ལས་ཁུངས་སྒྲིག་འགོད་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་དགོས་པ་དང་། ཕྱོགས་བསྡོམས་སྨན་ཁང་དང་མ་བུའི་བདེ་སྲུང་སྨན་ཁང་། དེ་མིན་ཆ་རྐྱེན་ཡོད་པའི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གིས་བོད་ལུགས་གསོ་རིགས་ཁང་བཀོད་སྒྲིག་བྱེད་དགོས། ཆ་རྐྱེན་ཡོད་པའི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས་དང་གྲོང་སྡེའི་འཕྲོད་བསྟེན་ཁང་གིས་བོད་ལུགས་གསོ་རིག་གི་ཞབས་ཞུ་འདོན་དགོས། ཆ་རྐྱེན་དང་མཐུན་པའི་བོད་ལུགས་གསོ་རིགས་ཀྱི་ནད་བརྟག་སྨན་བཅོས་རྣམ་གྲངས་དང་བོད་སྨན་གྱི་བཏུང་སྨན། བོད་སྨན་གྱི་སྨན་གྲུབ། སྨན་བཅོས་ལས་ཁུངས་ཁྲོད་ཀྱི་བོད་སྨན་ཚོད་རྫས་སོགས་གཞི་རྩའི་སྨན་བཅོས་འགན་བཅོལ་དངུལ་སྤྲོད་ཁྱབ་ཁོངས་སུ་འཇུག་དགོས་པ་མ་ཟད་འགྲོ་སོང་རྩིས་ཞུའི་བསྡུར་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་པ་རེད།
སྲོལ་ཡིག་ཏུ་བོད་ལུགས་གསོ་རིག་གི་སྨན་བཅོས་ལས་ཁུངས་ཀྱིས་སྨན་བཅོས་མི་སྣ་བཀོད་སྒྲིག་བྱེད་སྐབས་བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་མི་སྣ་གཙོ་བོར་བྱེད་དགོས་པ་དང་མི་སྣའི་བསྡུར་ཚད་70%ལས་མི་དམའ་བ་བྱེད་དགོས། བརྒྱུད་ཁྲིད་བྱེད་སྟངས་སྒོ་ནས་བོད་ལུགས་གསོ་རིགས་སྦྱངས་བ་དང་ལོ་མང་པོའི་ཉམས་མྱོང་ལྡན་པ། སྨན་བཅོས་ལག་རྩལ་ཡོད་པ་དང་དམངས་ཁྲོད་བོད་ལུགས་གསོ་རིགས་དང་དགོན་སྡེའི་བོད་ལུགས་གསོ་རིག་གི་སྨན་གཉེར་མཁན། དེ་མིན་མ་མཐའ་ཡང་བོད་ལུགས་གསོ་རིག་གི་སྨན་པ་གཉིས་ཀྱིས་ངོ་སྤྲོད་བྱེད་པ་དང་ཁུལ་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ལག་ལེན་ནུས་རྩལ་དང་གྲུབ་འབྲས་དཔྱད་ཞིབ་ཚད་ལོངས་རྗེས་བོད་ལུགས་གསོ་རིག་གི་སྨན་པའི་ཐོབ་ཐང་ལེན་ཆོག་ཞེས་གཏན་འབེབས་བྱས་པ་རེད།