0971-8201019
མ་ཤོག > གསར་འགྱུར། > ཆེད་དོན། >

 

 

༄༅། །བདུད་རྩི་ལྔ་ལུམས་བྱས་པའི་མྱོང་བ་རགས་ཙམ་གླེང་བ།

ཡོང་ཁུངས།      |   ཀློག་གྲངས།    

རྟ་མགྲིན་གྲགས་པ། དཔལ་མགོན་རྫོང་སྨན་རྩིས་ཁང་།
       ནང་དོན་གནད་བསྡུས། རང་ཉིད་ཀྱི་ལོ་ངོ་བཅུའི་རིང་ནད་པ་མི་གྲངས་ཆིག་སྟོང་ལྷག་ལ་ལུམས་བཅོས་བྱས་པའི་ཉམས་མྱོང་བརྗོད་ཡོད།
      བརྡ་ཆད་གཙོ་བོ། ལུམས་བཅོས། བཙོ་བསྙལ། ལུམས་རུང་མིན། བཅོས་ཐབས།
      གཡུ་ཐོག་རྣམ་སྤྲུལ་བྱམས་པ་འཕྲིན་ལས་དཔལ། །
      གངས་ཅན་མཁས་པ་ཁྲོ་རུ་ཚེ་རྣམ་མཆོག །
      སྨན་རྩིས་གཙུགས་ནོར་ཚུལ་ཁྲིམས་རྒྱལ་མཚན་རྗེ། །
      སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །
      གངས་ཅན་གསོ་རིག་མཐའ་ཡས་རྒྱ་མཚོ་ལས། །
      ནད་སེལ་སྨན་མཆོག་བདུད་རྩི་ལྔ་ལུམས་ཀྱི། །
      མྱོང་བཅོས་ཕྱོགས་བསྡུས་རང་འདྲའི་གྲོགས་རྣམས་ལ། །
      ཕན་ཕྱིར་འདི་ན་ཅུང་ཟད་འགོད་པར་བྱ། །
      ཞེས་མཆོད་པར་བརྗོད་པ་དང་བརྩམས་པར་དམ་བཅའ་སྔོན་དུ་སོང་ནས་གླེང་བར་བྱ་བ་ནི།         བགྲང་བྱ་བཅུ་གཅིག་རིང་མི་གྲངས་གཅིག་སྟོང་ཡས་མས་ལ་བདུད་རྩི་ལྔ་ལུམས་ཀྱི་སྨན་བཅོས་བྱས་པའི་མྱོང་བ་རགས་ཙམ་གླེང་བ་ལ་ས་བཅད་རྣམ་པ་བདུན་གྱི་སྒོ་ནས་བསྟན་པར་བྱ་སྟེ། དང་པོ་ལུམས་ཀྱི་ངོ་བོ་བསྟན་པ། གཉིས་པ་ལུམས་རུང་མིན་བསྟན་པ། གསུམ་པ་ལུམས་བཙོ་བསྙལ་བྱ་ཐབས་བསྟན་པ། བཞི་པ་ལུམས་ཀྱི་སྦྱོར་བ་དང་ཁ་ཚར་འདེབས་ཚུལ་བསྟན་པ། ལྔ་པ་ལུམས་དངོས་སུ་རྒྱག་སྐབས་དོ་སྣང་བྱ་དགོས་ཚུལ་བསྟན་པ། དྲུག་པ་ལུམས་ཀྱི་ཕན་ཡོན་བསྟན་པ། བདུན་པ་ལུམས་ཀྱི་རྗེས་གཅོད་བསྟན་པ་བཅས་སོ། 
དང་པོ། ལུམས་ཀྱི་ངོ་བོ་བསྟན་པ།
     ལུམས་ཞེས་པ་ནི་བྱེད་ལས་ལ་བལྟོས་ནས་བཏགས་པའི་རྩ་རྒྱུད་རེངས་འཁུམས་རྣམས་འདྲོང་བར་བྱེད་པའི་དཔྱད་ཀྱི་མིང་སྟེ། དཔལ་སྤུངས་པས། ལུམས་ནི་བརླན་པའི་དོན་དང་དེས་རྩ་རྒྱུད་གྱོང་པོ་རྣམས་བརླན་ཕབ་ཤིང་མཉེན་པར་བྱེད་ནུས་པས་སོ་ཞེས་གསུངས་པ་དང་། ཡང་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་《གསོ་དཔྱད་རྒྱལ་པོའི་དཀོར་མཛོད་》ལས་ལུམས་ཞེས་བྱ་བ་སྨན་གྱི་ནུས་པ་བ་སྤུར་སོང་བས་ནང་གི་ནད་ཐམས་ཅད་འཇོམས་པ་ཡིན་ཏེ། རློན་ཤིང་ཁུ་བ་ཡོད་པ་ཞིག་ཡིན་དགོས་སོ། ལུམས་བསྟེན་ལུས་ལ་དལ་བུར་མཉེའོ།  ལུམས་ལེགས་ཁོང་དྲོ་ཞིང་འཇམ་ན་ཚ་མེད་པར་འགྱུར་རོ་ཞེས་གསུངས་སོ།
གཉིས་པ། ལུམས་རུང་མིན་བསྟན་པ།
      ལུམས་རུང་བའི་ནད་གཞི་ནི། རྒྱུད་ལས། རུང་བ་ཡན་ལག་རེངས་འཁུམ་ཞ་བ་དང་། །འབྲས་དང་ལྷོག་པ་རྨ་རྙིང་རྨ་གསར་སྐྲངས། །ཚབ་དང་སྒུར་པོ་ཤ་རུས་ཆུ་སེར་གཡོས། །རླུང་ནད་མ་ལུས་ཀུན་ལ་བསྔགས་པ་ཡིན། །ཞེས་གསུངས་པ་ལྟར། ཡན་ལག་རྩ་གྲུམ་ལ་སོགས་རྐྱེན་གྱིས་རེངས་འཁུམས་ཆགས་པ་དང་། ཞ་བ། འབྲས་དང་། ལྷོག་པ། རྨ་གསར་རྙིང་སྐྲངས་པ་སོགས་དང་། བུད་མེད་ཀྱི་ཚབས་ནད། རླུང་ནད། སྒུར་པོ། ཤ་རུས་པ་ཆུ་སེར་མདོར་ན་རླུང་ནད་མ་ལུས་ཀུན་ལ་བསྔགས་པ་ཡིན་མོད་ཀྱང་། རླུང་ནད་ཤས་ཧ་ཅང་ཆེ་བའི་ནད་པའི་རིགས་ལ་ཆུ་ལུམས་བཞུགས་དུས་ནད་པ་གཞན་ལས་ཉུང་བ་བླུགས་དགོས་པ་དང་། ཆུའི་ཚ་ཚད་ཀྱང་ནད་པ་གཞན་དང་བསྡུར་ན་དམའ་བ་བཅས་ནད་ཁམས་དང་། ཉམས་སྟོབས་ལ་གཙོ་བོ་འཛིན་དགོས། ལུམས་མི་རུང་བ་ནི། རྒྱུད་ལས། མི་རུང་རིམས་འཁྲུགས་ཚ་རྒྱས་སྐྱ་རྦབ་དང་། །ཉམ་ཆུང་དང་ག་འགག་ལ་སྤངས་བར་བྱེད། །ཞེས་དང་། མི་རུང་བ་ནི་རིམས་དང་། འཁྲུགས། ཚ་བ་རྒྱས་པ། སྐྱ་རྦབ། ཉམ་ཆུང་དང་ག་འགག་ལ་སྤང་བར་བཤད་ཀྱང་། སྐྱ་རྦབ་རླུང་ཤས་ཆེ་ཞིང་ཤ་ལྤགས་བར་ཆུ་བསག་པ། རྐང་པའི་ངར་གདོང་སྐྲངས་པ་སོགས་ལ་ཕན་པ་ཡང་ཡོད་ལ་དྲེག་ནད་ནད་པ་ཁག་ཅིག་ཆུ་ལུམས་སུ་ཉལ་རྗེས་ནད་གཞི་ཐུ་རུ་ཕྱིན་ནས་མདོག་དམར་ནག་ཆགས་པ་དང་སྐྲངས་པའི་མངོན་རྟགས་ཡོད་ན། རྗེས་གཅོད་དྲེག་རྩ་གཏར་བ་ཡིན་ན་ཕན་ཐོགས་མངོན་གསལ་དོད་པོ་འདུག གནས་ཀྱི་རུང་མིན་ནི་གཙོ་བོ་བཅིང་ལུམས་ལ་གོ་བས་འདིར་དམིགས་བསལ་བྲིས་མེད་ལ། ཆུ་ལུམས་ནི་རང་བྱུང་ཆུ་ཚན་འདྲ་བས་གནོད་པ་ཆུང་བའོ།
གསུམ་པ། ལུམས་བཙོ་བསྙལ་བྱ་ཐབས་བསྟན་པ།
       སྤྱིར་ལུམས་བཅོས་བྱེད་ཡུན་ཐེངས་གཅིག་ལ་ཉིན་བདུན་གྱི་ཚད་གཞི་ཡིན་ཅིང་། ལུམས་རྒྱུའི་འབྲུ་སྤུས་ལེགས་པ་དག་ཆུ་གཙང་གིས་དཀྲུས་ནས་འབྲུ་རྒྱ་མ་བཅུ་དང་། དེའི་སྟེང་དུ་མཚེ་ལྡུམ། བ་ལུ། ཤུག་ཚེར། མཁན་སྐྱ། འོན་བུ་བཅས་རྒྱ་མ་དོ་དོ་ཆ་མཉམ་འབྲུ་ཚོས་པའི་སྟེང་དུ་ཧྲོབ་བརྡུང་བྱེད་དེ་འདེབས་དགོས། ཡང་མཁས་དབང་དབང་འདུས་ཀྱི་གཡུ་ཐོག་དགོངས་རྒྱན་ཤོག་གྲངས་༢༥༩ནང་། བ་ལུ་མི་ཡི་བདུད་རྩི་པགས་མཉེན་བྱེད། ཤུག་པ་ལྷ་ཡི་བདུད་རྩི་ཡོན་ཏན་མང་། མཚེ་ལྡུམ་བྲག་གི་བདུད་རྩི་ལུས་རྒྱས་བརྟས། འོམ་བུ་ཀླུ་ཡི་བདུད་རྩི་རུས་དུག་འབྱིན། མཁན་སྐྱ་སྡེ་བརྒྱད་བདུད་རྩི་འབྱུང་བ་སྙོམས། འདི་ལྔ་ཁྲམ་ཁྲོམ་བརྡུང་ལ་ཆུ་རང་ནུབ་ཙམ་གྱི་ནང་དུ་བསྲོས་ལ་ཕབ་བཏབ་བསྙལ། སྐྱུར་ཆིལ་ལང་ནས་ཆུ་དང་ཆང་གིས་བསིང་། སིགས་མ་སླར་ཡང་བརྡུང་ལ་བཙོས་ཁུ་བསིང་། མེ་ལ་ཚུག་ཙམ་བསྲོས་པའི་ཆུ་ལུམས་ཀྱིས་འགྲམ་འཁྲུགས་ཚད་རྙིང་བྱེར་དང་ལུས་དགྱེ་སྒུར། ཡན་ལག་རེངས་འཁུམས་རྨ་རྒན་སུར་ཡ་འཇོམ་ཞེས་དང་། འབྲི་གུང་གསོ་རིག་གཅེས་བསྡུས་ལས། མཚེ་ཡིས་ཚེ་རིང་བཅུད་ལེན་འགྲུབ། བ་ལུས་པགས་པ་ཕན་པར་བྱེད། མཁན་སྐྱ་ལུས་ཀྱི་འབྱུང་བ་འདུལ། འོམ་བུས་རུས་པའི་དུག་རྣམས་འདོན། ཤུག་པས་ཡོན་ཏན་བརྒྱད་དང་ལྡན་ཞེས་གསུངས་པ་ལྟར་དང་། འབྲུ་ཚོས་པའི་སྟེང་དུ་བདུད་རྩི་ལྔ་མཉམ་དུ་བསྲེས་རྗེས་ཆུ་བླུགས་ནས་མ་ཚིག་པ་བྱས་ལ་ཁུ་བ་རང་འཐིམ་ཙམ་དུ་བཙོ་དགོས། དེ་ནས་རས་གཙང་མའམ་ཏིལ་པར་གཙང་མ་གང་རུང་སྟེང་དུ་བརྡལ་ཏེ་གྲང་སངས་བཏང་ཐོག དྲོད་འཇམ་ཙམ་གྱི་དུས་སུ་ཕབ་རྩི་རྒྱ་མ་དོ་ཙམ་བརྒྱབ་ཏེ་ཆང་ལྟར་དྲོ་སར་བསྙལ་དགོས།
བཞི་པ། ལུམས་ཀྱི་སྦྱོར་བ་དང་ཁ་ཚར་འདེབས་ཚུལ་བསྟན་པ།
      བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་ལག་ལེན་ནི། ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གོང་ནས་དར་ཁྱབ་བྱུང་བ་ཞིག་དང་། དེ་ནི་མེས་པོ་མཁས་དབང་རྣམས་ཀྱི་བློ་གྲོས་དང་སྙིང་རུས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། བདུད་རྩི་ལྔ་ལུམས་ནི་ཤུག་པ། བ་ལུ། མཚེ་ལྡུམ། འོམ་བུ། མཁན་སྐྱ་བཅས་སྨན་སྦྱོར་སྣ་ལྔ་ལས་གྲུབ་པའི་སྨན་སྦྱོར་ཞིག་ཡིན་པ་དང་། ད་དུང་དེའི་སྟེང་དུ་ཁ་ཚར་གྲུམ་བུ་རླུང་ཤས་ཅན་ལ་རུས་རིགས་སྣ་ཚོགས་ཀྱི་ཁུ་བ་བླུགས་པ། རྩ་གྲུམ་གྲང་ཤས་ཆེ་བ་ལ་ལུག་རིལ་བསྣན་པ། སྙིང་རླུང་ཤས་ཆེ་བ་ལ་ཛ་ཏི་བསྣན་པ། ཆུ་རྒྱུས་རེངས་འཁུམས་ཆགས་པ་ལ་འབའ་ཆ་སྤུས་ལེགས་བསྣན་པ། མཁལ་འགྲམ་སྟོད་དུ་བྱེར་བ་ལ་གླ་རིལ་དང་། དུག་མེད་མེ་ཏོག་སྣ་ཚོགས་བསྣན་པ། ཆུ་སེར་པགས་ནད་ཤས་ཆེ་བ་ལ་ཆུ་སེར་སྨན་གསུམ་དང་སྤོས་བཅུ་སོགས་ཀྱི་ཁ་ཚར་འདེབས་པ་བཅས། མདོར་ན་ནད་གཞིའི་གདོང་ཟླ་ལ་གཞིགས་ནས་ཁ་ཚར་སྣ་ཚོགས་འདེབས་རྒྱུ་ཡོད་པ་རེད། 
ལྔ་པ། ལུམས་དངོས་སུ་རྒྱག་སྐབས་དོ་སྣང་བྱ་དགོས་ཚུལ་བསྟན་པ།
      ལུམས་རྒྱག་པའི་རིང་ནད་པའི་ལུས་ཁམས་རླུང་ཤས་ཆེ་ཆུང་དང་། ཁྲག་ཤས་མཐོ་དམན། སྙིང་སྐྱོན་ཡོད་མེད། སྙིང་གི་འཕར་གྲངས་སོགས་ལ་དོ་སྣང་བྱེད་དགོས་པ་དང་། རླུང་བཅོས་དང་དྲོ་བཅོས་དེ་བཞིན་ཕོ་བའི་མེ་དྲོད་གསོ་རྒྱུ་གཙོ་བོ་འཛིན་ཏེ་ལུས་ཀྱི་རྔུལ་ཆུ་འདོན་ཐབས་བྱེད་པ་དང་། དོན་པའི་རྔུལ་ཆུ་གཙང་མ་འཕྱི་བ། ནད་ཁམས་དང་མཐུན་པའི་བྱུགས་པ་རྒྱག་པ། ལུམས་རྒྱག་པའི་ཉིན་དང་པོ་ནས་སྨན་ཆུའི་དྲོད་ཚད་ཉིན་བཞིའི་བར་ཚ་རུ་གཏོང་དགོས་པ། ཉིན་ལྔ་པ་ནས་རིམ་བཞིན་ཆུའི་དྲོད་ཚད་དམའ་རུ་གཏོང་དགོས། དེ་ཡང་ཉིན་དང་པོར་ཆུའི་ཚ་ཚད་ཏུའུ་༣༧ནས་༣༨བར་དང་། ཉིན་གཉིས་པར་ཚ་ཚད་ཏུའུ་༣༨་ནས་༣༩བར། ཉིན་གསུམ་པར་ཚ་ཚད་ཏུའུ་༣༩ནས་༤༠བར། ཉིན་བཞི་པར་ཚ་ཚད་༤༠ནས༤༡བར་རིམ་པས་ཚ་རུ་དང་དུས་ཚོད་རིང་དུ་གཏོང་དགོས་པ་དང་། དེ་ནས་ཉིན་ལྔ་པ་ནས་ལུམས་མ་རྫོགས་བར་དུ་རིམ་བཞིན་དྲོད་ཚད་དམའ་རུ་གཏོང་བ་དང་དུས་ཚོད་ཐུང་དུ་གཏོང་བ་བཅས་མདོར་ན་ནས་འབྲུའི་དབྱིབས་ལྟར་ལུམས་རྒྱག་དགོས་སོ།   
དྲུག་པ། ལུམས་ཀྱི་ཕན་ཡོན་བསྟན་པ།
       དེ་ཡང་རང་ཉིད་ཀྱི་བགྲང་བྱ་བཅུ་གཅིག་རིང་ལ་ནད་པ་སྟོང་གཅིག་ཡས་མས་ལུམས་བཅོས་བྱེད་པ་རྒྱུད། ནད་པ་མང་ཆེ་བ་ཕན་འབྲས་དང་དྲག་སྐྱེད་ཡག་ཙམ་བྱུང་ཡོད་ལ། ལྷག་པར་དུ་རྩ་གྲུམ་དང་། རྩ་མདུད། ཆུ་རྒྱུས་བརྐྱང་བསྐུམ་དཀའ་བ། རུས་པ་ཆག་པ། རྐང་པའི་ངར་གདོང་སྐྲངས་པ། པགས་ནད་ཆུ་སེར་དེ་བཞིན་རྩ་འབམ་རྐྱེན་གྱིས་བྱིན་ཉ་དང་སྒྱིད་ཁུག་བཅས་ལ་འབུར་རྡོག་ཆེ་ཆུང་སྣ་ཚོགས་དོན་པ་བཅས་ལ་ལུམས་ཀྱིས་ཕན་པ་མ་ཟད། རྗེས་གཅོད་ལ་ནད་གཞིའི་ཁྱད་ཆོས་ལ་བལྟོས་ནས་བྱུགས་པ་དང་གཏར་ག་མེ་བཙའ་བཅས་གང་འཚམ་གྱིས་སྨན་བཅོས་བྱས་ན་དྲག་སྐྱེད་ཧ་ཅང་ཆེན་པོ་འདུག་ལ། དུས་རྒྱུན་མིའི་ལུས་ལ་བདེ་སྲུང་གི་ནུས་པ་ཡོད་པར་བརྟེན་བདུད་རྩི་ལྔ་ལུམས་འདི་མེད་དུ་མི་རུང་བའི་སྨན་མཆོག་ཞིག་ཀྱང་རེད། འབྲི་གུང་གསོ་རིག་གཅེས་བསྡུས་ལས། དེ་ཕྱིར་བདུད་རྩི་རྣམ་ལྔ་འདིས། ལུས་ཀྱི་འདུ་བ་སྙོམས་བྱེད་ཅིང་། དྲེག་གྲུམ་ཡན་ལག་རེངས་འཁུམ་རྐྱེན། ཀོ་ལེར་སྐྲངས་པ་འདོན་པའི་མཆོག དུག་དང་ཚ་བ་རྙིང་རྙོགས་སོགས། ཤ་ལྤགས་རྩ་རྒྱུས་ལ་ཞེན་པ། མ་ལུས་བ་སྤུའི་བུ་གར་འདྲེན། ཞེས་གསུངས་པ་ལྟར་དང་། ས་སྐྱའི་དཀོར་མཛོད་ལས། ལུམས་ལེགས་ན་ཁོང་དྲོ། ལུས་འཇམ། ན་ཚ་མེད་པར་འགྱུར་རོ་ཞེས་གསུངས་སོ།
བདུན་པ། ལུམས་ཀྱི་རྗེས་གཅོད་བསྟན་པ།
       ནད་པ་ལུམས་ནས་དོན་རྗེས་རྔུལ་ནག་བ་སྤུའི་བུ་ག་ནས་ཕྱིར་འདྲེན་པའི་ཆེད་དུ་གོས་དྲོ་བོ་གྱོན་པ་དང་། སྐོམ་ཚ་བོ་འཐུང་བ་སོགས་ཀྱི་ཐབས་ལ་བསྟེན་དགོས། རྔུལ་ནག་དོན་རྗེས་གྱོན་གོས་བརྗེས་ནས་རྔུལ་ཆུ་གཙང་མ་ཕྱིས་པ་མ་ཟད། ནད་ཁམས་དང་བསྟུན་ནས་བྱུགས་པ་རྒྱག་དགོས། དེ་བཞིན་ལུས་གཟུངས་གསོ་བྱེད་ཀྱི་ཟས་སྐོམ་རིགས་བསྟེན་དགོས་པ་དང་། ལུས་ཁམས་འཁྱག་འཁྲུགས་ཀྱིས་ཆམ་པ་ཕོག་པ་སོགས་བླ་གཉན་གྱི་ནད་མི་ཕོག་པའི་བྱ་ར་བྱེད་དགོས་པ་དང་། ནད་གཞིའི་ཁྱད་ཆོས་ལ་བལྟོས་ནས་མེ་བཙའ་འཇོག་པ་དང་། ཁྲག་གཏར་བ། རིན་ཆེན་རིགས་མང་ཙམ་ཟ་བ་བཅས་བྱེད་དགོས།
  སླར་སྨྲས་པ།
     མཐོང་ཐོས་མྱོང་བའི་ལག་ལེན་དངོས་བརྒྱུད་ནས། །
     བདུད་རྩི་ལྔ་ཡི་ལུམས་བཅོས་བྱ་ཐབས་ཤིག །
     སྦས་མེད་སེམས་ཀྱིས་དྲང་པོར་སྨྲས་པ་འདི། །
     ཉམས་ཐག་ནད་པའི་ཚོགས་ལ་ཕན་ཕྱིར་བྲིས། །
     འདི་ལས་བྱུང་བའི་རྣམ་དཀར་དགེ་མཆིས་ན། །
     གསོ་རིག་བསྟན་པ་དར་བའི་རྒྱུ་རུ་བསྔོ། །
     མི་མཐུན་འགལ་འཁྲུལ་ནོར་བ་ཇི་བྱུང་ཀུན། །
    གཟུར་གནས་མཁས་དབང་ཡོངས་ཀྱི་སྤྱན་སྔར་འཆག །
དཔྱད་གཞིའི་ཡིག་ཆ།
དཔལ་ལྡན་རྒྱུད་བཞི། གཡུ་ཐོག་ཡོན་ཏན་མགོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༢ ལོར་དཔར།
༢༠༡༦ལོའི་བྱང་ཐང་བོད་སྨན་ལས་དོན་དང་སྐབས་དང་པོའི་སྨན་རྩིས་དཔྱད་གླེང་ཚོགས་འདུའི་ཆེད་རྩོམ་ཕྱོགས་བསྡུས། ནག་ཆུ་འཕྲོད་བསྟེན་ཅུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོར་དཔར།
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། རྗེ་བཙུན་གྲགས་པ་རྒྱལ་མཚན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།   ༡༩༩༤ལོར་དཔར།
གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན། གོ་འཇོ་དབང་འདུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ལོར་དཔར་བཏབས།
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།