སྨན་གླིང་དུ་བོད་ལུགས་གསོ་རིག་གི་རིག་གཞུང་གླེང་སྟེགས་འཚོགས་པ།
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། | ཀློག་གྲངས།
ཉེ་ཆར། ཞིང་ཆེན(རང་སྐྱོང་ལྗོངས)ལྔའི་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་སྤེལ་རེས་གླེང་སྟེགས་དང་སྨན་རྩྭ་དབྱེ་གཅོད། བོད་སྨན་སྡེབ་སྦྱོར་གྲངས་འཛིན་ཅན་གྱི་གསོ་སྦྱོང་ཚོགས་འདུ་སྐབས་གཉིས་པ་བོད་ལྗོངས་ཉིང་ཁྲི་སྨན་གླིང་གྲོང་ཁྱེར་གྱི་པའེ་ལུའུ་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་འཚོགས། ཐེངས་འདིའི་གསོ་སྦྱོང་ཚོགས་འདུ་ནི་བོད་ལྗོངས་གསོ་རིག་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཀྲུང་གོའི་མི་རིགས་སྨན་རྫས་མཐུན་ཚོགས་ཀྱིས་མཛུབ་ཁྲིད་དང་། སྨན་གླིང་གི་གྲོང་ཁྱེར་སྲིད་གཞུང་དང་ཆབ་མདོ་གྲོང་ཁྱེར་གྱི་རི་བོ་ཆེ་རྫོང་ལི་མེ་བོད་སྨན་ཁང་སོགས་ལས་ཁུངས་རྣམས་ཀྱིས་གཞོགས་འདེགས་འོག་གཉེར་བ་རེད།
ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི“གསོ”དེ་ཁུངས་དང་། “བོད་ལུགས”ནི་རྩ་བར་འཛིན་པ། “སྨན”ནི་གཙོ་བོར་འཇོག་པ། “གསར་པ”སྟེ། གོ་སྐབས་དང་བསྟུན་པ་བཅས་བྱས་ནས་བོད་ལུགས་གསོ་རིག་གི་ཁྱད་ཆོས་དང་མཐུན་པའི་ཞབས་ཞུའི་མ་ལག་དང་། ཞབས་ཞུའི་རྣམ་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་བཅས་འཐུས་ཚང་དུ་གཏོང་བ་དང་། བོད་ལུགས་གསོ་རིག་གི་ཐོན་ཁུངས་བཙལ་ཞིང་སྔོག་འདོན་དང་། རྒྱུན་འཛིན། སྲུང་སྐྱོབ་བྱས་ཏེ། བོད་ལུགས་གསོ་རིག་གི་རིག་གནས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བོད་ལུགས་གསོ་རིག་གི་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། བོད་ལུགས་གསོ་རིག་སྟེ་ཀྲུང་ཧྭའི་ཤེས་རིག་གི་ཁྲོད་དུ་འོད་སྟོང་འཚེར་བའི་ནོར་བུ་ལ་དུས་རབས་གསར་པའི་གསོན་ཤུགས་གསར་པ་སྦྱིན་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་གི་དུས་ཡུན་ཉིན5ཡིན་པ་དང་། སི་ཁྲོན་དང་། མཚོ་སྔོན། ཀན་སུའུ། ཡུན་ནན། བོད་ལྗོངས་བཅས་ཀྱི་བོད་སྨན་ཁང་གི་ལས་གཉེར་སྨན་པ200ལྷག་ཚོགས་འདུར་ཞུགས་ཡོད། གསོ་སྦྱོང་ཚོགས་འདུའི་སྟེང་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིག་གཞུང་བྱ་དགའ་ཆེས་མཐོ་ཤོས་ཐོབ་མཁན་ཏེ། དགེ་རྒན་ཆེན་མོ་དགའ་བོ་ལགས་གདན་ཞུས་ནས་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་སྨན་རྩྭའི་ཚད་གཞི«ཤེལ་གོང་ཤེལ་ཕྲེང»འཆད་ཁྲིད་གནང་ཞིང་། བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱི་ཆེད་མཁས་པ་ཕུན་ཚོགས་རབ་སྐྱིད་ཀྱིས«སྨན་རྫས་གྲངས་འཛིན་ཅན་གྱི་ཞིབ་འཇུག་བྱ་ཐབས་དང་ལམ་ཐིག»ཅེས་པ་མཉམ་སྤྱོད་བྱས་ཤིང་། དེའི་ཁྲོད་ཀྱི་བོད་ལུགས་གསོ་རིག་གི་སྨན་རྩྭའི་རྩ་བའི་རིགས་པ་ལ་འགྲེལ་བརྒྱབ། གཞིས་རྩེ་གྲོང་ཁྱེར་གྱི“གོང་སྨན་པ”སོགས་བོད་ཀྱི་གསོ་བ་རིག་པའི་གནའ་ཐབས་རྒྱུན་འཛིན་མཁན་རྒན་ཉི་མ་བཀྲ་ཤིས་ལགས་ཀྱིས་རང་གི་དངོས་བཅོས་ཀྱི་ཉམས་མྱོང་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། དེ་དང་ཆབས་ཅིག་ཏུ་ཐེན་ཅིན་གྱི་གློ་སྙིང་སླར་གསོའི་མྱུར་སྐྱོབ་ལུས་སྦྱོང་དང་། བོད་སྨན་སྨན་རྩྭ་ངོས་འཛིན། ལྟ་སྐོར་སྤེལ་རེས་དང་སློབ་སྦྱོང་བྱེད་པ་སོགས་དཔྱད་གླེང་གི་ནང་དོན་ཡང་འདུས་ཡོད།