ཀྲུང་གོའི“བོད་ལུགས་གསོ་རིག་གི་ལུམས་བཅོས”འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པ།
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། | ཀློག་གྲངས།
རྒྱུས་ལོན་བྱུང་པ་ལྟར་ན། ས་གནས་དེའི་གའི་དུས་ཚོད་ཚེས28ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྲིད་གཞུང་དབར་གྱི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག ཀྲུང་གོས་རེ་ཞུ་ཕུལ་བའི“བོད་ལུགས་གསོ་རིག་གི་ལུམས་བཅོས་ཏེ་ཀྲུང་གོའི་བོད་རིགས་ཀྱི་འབྲེལ་ཡོད་ཚེ་སྲོག་བདེ་ཐང་དང་ནད་རིགས་འགོག་བཅོས་ཀྱི་ཤེས་བྱ་དང་ལག་ལེན”ལ་གྲོས་ཞིབ་ཐོག་གྲོས་འཆམ་བརྒྱུད་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་གཞུང་དུ་བཀོད་ལ། དེ་ནི་ཀྲུང་གོའི《མངོན་མིན་རིག་གནས་ཤུལ་བཞག་གི་སྤྱི་ཆིངས》ཀྱི་མིང་གཞུང་ནང་ཚུད་པའི་ཤུལ་བཞག་རྣམ་གྲངས་ཨང40པ་རེད།
ཁྲུས་གཞུང་དུ་སྨན་སྣའི་དྲི་ཞིམ་འཐུལ་པ་སྟེ། མི་གཞན་རྒྱུས་མངའ་དེ་འདྲ་མེད་པའི་ཀྲུང་གོའི“བོད་ལུགས་གསོ་རིག་གི་ལུམས་བཅོས”ནི་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ཕུལ་པའི་ལམ་ཁར་གོ་རིམ་ག་འདྲ་ཞིག་བརྒྱུད་པ་དང་། ཁྱད་མཚར་གྱི་གནས་གང་འདྲ་ཞིག་ཡོད་དམ་ཞེ་ན།
རྒྱ་གར་དང་ཀྲུང་གོས་བོད་ལུགས་གསོ་རིག་མངོན་མིན་ཤུལ་བཞག་རེ་ཞུ་ཕུལ་པར་འགྲན་རྩོད་བྱས་པར། ཆེད་མཁས་ཀྱིས་དེའི་འཕེལ་རྒྱས་ཀྱི་གོ་རིམ་ནི་བོད་རིགས་ས་ཁུལ་ལྟེ་བར་འཛིན་དགོས་ཟེར།
“བོད་ལུགས་གསོ་རིག་གི་ལུམས་བཅོས”ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ཕུལ་བའི་བརྒྱུད་རིམ་ནི་བོད་ལུགས་གསོ་རིག་མངོན་མིན་རིག་གནས་ཤུལ་བཞག་ཏུ་རེ་ཞུ་ཕུལ་བ་ལས་གླེང་དགོས་ཏེ། རང་རྒྱལ་གྱིས་ཐོག་མ་ཉིད་ནས་བོད་ལུགས་གསོ་རིག་གི་བདག་དབང་ལ་བརྩོན་ལེན་གནང་ཡོད་པ་རེད། རྒྱུས་ལོན་བྱུང་པ་ལྟར་ན། 2006ལོར། བོད་ལུགས་གསོ་རིག་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག 2014ལོར་བོད་རང་སྐྱོང་ལྗོངས་ཀྱིས་བོད་ལུགས་གསོ་རིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་རེ་ཞུ་ཕུལ་བ་རེད།
དེ་བཞིན་དུ་2017ལོའི་ཟླ3པར། ཧིན་རྡུ་ཡིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་བོད་ལུགས་གསོ་རིག་དེ་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་འཇུག་དགོས་པའི་རེ་བ་བཏོན་པ་རེད། བོད་ལུགས་གསོ་རིག་གི་འབྱུང་ཁུངས་སྐོར་ལ་ལ་ལས་རྒྱ་གར་ཡིན་པ་དང་། ལ་ལས་ཀྲུང་གོ་ཡིན་པའི་བཞེད་ཚུལ་ཅི་རིགས་ཤིག་འདུག་ནའང་། “རྒྱ་གར་གྱི་ཁྲག་རྒྱུན”ལས་འབྱུང་ཚུལ་སྟོན་པ་ལ ། 《རྒྱ་གར་གྱི་མྱུར་ཚགས》ཀྱིས“བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ལས་མང་ཤོས་ཚེ་ཡི་རིག་བྱེད(Ayurveda)དང་འདྲ་བོ་ཡོད་དེ། དེ་ཡང་ཚེ་ཡི་རིག་བྱེད་ཐོག་མར་བོད་དུ་དར་བའི་དུས་ནི་སྤྱི་ལོའི་དུས་རབས3པའི་ནང་སྟེ་སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་བ་དང་བསྟུན་ནས་བྱུང་ཞིང་། དུས་རབས7པ་ནས་བཟུང་དངོས་སུ་དར་རྒྱས་ཆེན་པོ་བྱུང་། དེའི་རྗེས་ཀྱི་དུས་རབས19 པའི་དུས་འགོར། རྒྱ་གར་གྱི་གསོ་རིག་རིག་གནས་དང་ནང་བསྟན། དེ་བཞིན་རྒྱ་གར་ཚན་རིག་རིག་གནས་རྣམས་བོད་ཀྱི་ས་གནས་དེ་གར་དར་ཁྱབ་བྱུང་པ་རེད” ཅེས་གསལ་འགྲེལ་གནང་འདུག
ཚུལ་དེར་དམིགས་ནས་བོད་ལྗོངས་བོད་སྨན་སློབ་གླིང་ཚན་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་དོན་གྲུབ་ཀྱིས། མཚོ་བོད་ས་མཐོ་ནི་བོད་ལུགས་གསོ་རིག་གི་འབྱུང་གནས་ཡིན་པ་ལོ་རྒྱུས་ཀྱི་དཔང་དངོས་གང་རུང་ནས་ར་སྤྲོད་བྱེད་ཐུབ། སྔར་ཞང་ཞུང་རྒྱལ་རབས་སྐབས་བོན་ཆོས་བྱུང་རྗེས། བོད་ཀྱི་གསོ་རིག་སྐོར་གྱི་ཟིན་ཐོ་དེ་ཞང་ཞུང་གི་ཡིག་ཐོག་ནས་བཏབས་ཡོད་ཅིང་། བོད་དུ་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་འདི་མ་དར་སྔོན་ལ་བོན་ཆོས་དར་ཡོད་པས། བོད་ལུགས་གསོ་རིག་དང་བོད་སྨན་རིག་པ་དེ་རྒྱ་གར་སངས་རྒྱས་ཀྱི་བསྟན་པ་བོད་དུ་དར་རྗེས་བྱུང་བ་མིན་པ་གསལ་བོར་རྟོགས་ཐུབ་པས། བོད་ཀྱི་གསོ་བ་རིག་པ་འདི་བོད་རང་ནས་བྱུང་བ་ལས་རྒྱ་གར་ནས་བྱུང་བ་མིན་པ་འདི་ལས་ཤེས་ཐུབ་ཟེར།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གི་ཡོན་ཀྲང་གཞོན་པ་སྒྲོལ་དཀར་རྒྱལ་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་བོད་ལུགས་གསོ་རིག་གི་ས་བོན་ལ་ཐོག་མར་མྱུ་གུ་འབུས་པ་ནས་ཡར་རྒྱས་ཆེན་པོ་བྱུང་བའི་བརྒྱུད་རིམ་ཚང་མ་བོད་རང་གི་ས་གནས་ཡིན་པ་ཤ་སྟག་ཡིན་ལ། འདིའི་གསོ་རིག་ལག་ལེན་རྨང་གཞིའི་ཐོག ད་གཟོད་རྒྱ་གར་གྱི་ཚེ་ཡི་རིག་བྱེད་ཀྱི་རིགས་པའི་གཞུང་ལུགས་དེ་དང་རྒྱ་ནག་གི་ཀྲུང་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་གཉིས་ལས་ཆ་ཤས་བླངས་པའི་ངེས་པ་ཡོད་སྲིད་ཅེས་བརྗོད་བྱུང་།
བོད་ལུགས་གསོ་རིག་གི་སྨན་ལུམས་དེ་བོད་ཀྱི་གསོ་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། རྒྱུད་འཛིན་གྱི་ཁྱབ་ཁོངས་ཀྱང་གཙོ་བོ་མདོ་དབུས་མཐོ་སྒང་གི་ཡར་ཀླུང་ལུང་གཞུང་དང་ཙོང་ཁའི་རི་རྒྱུད་ཀྱི་བོད་རིགས་ཞིང་འབྲོག་ཁུལ་སྟེ། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ཡིན་ལ། བོད་རིགས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་སྲུང་དང་ནད་རིགས་འགོག་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། 2008 ལོ་དང་2014 ལོ་གཉིས་ལ་བོད་ལུགས་གསོ་རིག་གི་ལུམས་བཅོས་འབྲེལ་ཡོད་རྣམ་གྲངས་ཁག་ཅིག་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་པ་རེད། རིག་གནས་ཤུལ་བཞག་གི་རྣམ་གྲངས་དེ་གནས་ཐུབ་པར་འགན་ལེན་དང་། རྒྱུན་འཛིན་ལ་གསོན་ཤུགས་རྒྱས་ཆེད། རིག་གནས་དང་ཡུལ་སྐོར་པུའུ་ཡི་འགོ་ཁྲིད་འོག་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ལ་མཐུན་སྦྱོར་ལས་ཁུངས་ཀྱི་འགན་སྤྲད་ཅིང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ལ་སྣེ་ཁྲིད་ལས་ཁུངས་ཀྱི་འགན་སྤྲད་དེ་འབྲེལ་ཡོད་སྡེ་ཁུལ་དང་། ཚོགས་སྤྱི་བཅས་དང་མཉམ་དུ། 2015 ལོའི་ཟླ་9 པར་སྲུང་སྐྱོང་ལས་ཀའི་མཐུན་སྦྱོར་ཚན་ཆུང་བཙུགས་ཏེ། མཉམ་པོས《བོད་ལུགས་གསོ་རིག་གི་ལུམས་བཅོས་ལ་ལོ་ལྔའི་(2019—2023)སྲུང་སྐྱོང་འཆར་གཞི 》བཟོས་ནས་ལག་རྡང་གཅིག་སྒྲིལ་གྱིས་སྲུང་སྐྱོང་དང་འཕེལ་རྒྱས་བྱ་བ་ལག་བསྟར་བྱས།
འདས་པའི་ལོ་ངོ་བཞིའི་ནང་ལ། ཀྲུང་གོའི་“ བོད་ལུགས་གསོ་རིག་གི་ལུམས་བཅོས་” གྱི་ཤུལ་བཞག་གི་རེ་ཞུ་དོན་སྨིན་བྱུང་བ་དེའི་ཐོག་ནས་བོད་ལུགས་གསོ་རིག་འཛམ་གླིང་རང་བྱུང་ཤུལ་བཞག་ནང་འཇུག་པའི་རེ་ཞུ་ལ་ལམ་ཚད་རྡོ་རིང་ལྟ་བུའི་གྲུབ་འབྲས་དོན་དང་ལྡན་པ་ཐོབ་ཡོད།
བོད་ལུགས་གསོ་རིག་གི་ལུམས་བཅོས་ཞེས་པ་དོན་དམ་གང་འདྲ་ཞིག་ཡིན་པ་དང་། དེ་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་ལ་གྱུར་བ་དེས་ཡང་སྙིང་ཅི་ཞིག་མཚོན་ཞེ་ན།
བོད་ལུགས་གསོ་རིག་གི་ལུམས་བཅོས་ནི་བོད་མི་དམངས་ཀྱིས་ས་ཆུ་མེ་རླུང་ནམ་མཁའ་བཅས་འབྱུང་བ་ལྔའི་འབྱུང་ཁམས་གྲུབ་ལུགས་ཀྱི་ལྟ་བ་དང་། རླུང་དང་མཁྲིས་པ། བད་ཀན་གསུམ་སྟེ་རྐྱེན་གསུམ་གྱི་ནད་བརྟག་ལྟ་བ་གཞི་བྱས་ནས་རང་བྱུང་ཆུ་ཚན་དང་སྨན་རྫས་རྔོ་བཙོ་ལས་བྱུང་བའི་ཁུ་བའམ་རླངས་པ་ལ་བརྟེན་ནས་ལུས་སེམས་སྙོམ་སྒྲིག་བྱས་ཏེ། ཚེ་སྲོག་བདེ་ཐང་དང་ནད་རིགས་འགོག་བཅོས་ཀྱི་སྲོལ་རྒྱུན་ཤེས་བྱ་ལག་ལེན་ལས་བྱུང་བ་ཞིག་རེད། ད་རེབ་རིག་གནས་ཤུལ་བཞག་གི་རྣམ་གྲངས་དེས་འབྲེལ་ཡོད་སྡེ་ཁུལ་མང་ཚོགས་ཀྱིས་ལུམས་བཅོས་ལ་བརྟེན་ནས་ནད་གཞི་སྔོན་འགོག་དང་ནད་གསོ་བའི་དམངས་ཁྲོད་ཀྱི་ཉམས་མྱོང་ཞིག་མངོན་ཡོད་ལ། 《 རྒྱུད་བཞི》ཡིས་མཚོན་པའི་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་དེང་རབས་ཀྱི་བདེ་ཐང་ལག་ལེན་ཁྲོད་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཡང་མངོན་ཡོད།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་གནམ་ཐར་འཚོ་ཡིས། བོད་ཀྱི་གསོ་རིག་གཞུང་ལུགས་ལྟར་ན། རླུང་མཁྲིས་བད་ཀན་གསུམ་ལ་མིའི་གཟུགས་གཞི་གྲུབ་བྱེད་ཀྱི་བྱེད་ནུས་ཆེན་པོ་གསུམ་དང་ཡང་ན་ན་ཚ་བསྐྱེད་བྱེད་ཀྱི་རྒྱུ་རྐྱེན་གསུམ་ཟེར། དེ་གསུམ་གྱིས་མིའི་ལུས་འདི་ཚོད་འཛིན་དང་སྙོམ་སྒྲིག གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་དོ་མཉམ་པོའི་ངང་རྒྱུན་འཁྱོངས་བྱེད་པ་ཡིན། གལ་ཏེ་མིའི་བཟའ་བཏུང་དང་སྤྱོད་ལམ་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་འགལ་རྐྱེན་ཐེབས་ཚེ། རྒྱུ་རྐྱེན་འདི་གསུམ་གྱི་སྣ་གཅིག་འཕེལ་དྲག་པ་དང་ཡང་ན་ཟད་དྲག་ནས་ལུས་ཁམས་འཁྲུགས་ཤིང་མི་བདེ་བའི་ཚོར་བ་བསྐྱེད་ཅིང་། ནད་རིགས་འདྲ་མིན་སྣ་ཚོགས་བྱུང་ནས་ནད་ཀྱི་འབྱུང་རྩ་རུ་འགྱུར་འགྲོ་བ་ཡིན་ཞེས་འགྲེལ་བཤད་བྱས་བྱུང་།
བོད་སྨན་ལུམས་བཅོས་ཀྱིས་རྒྱུ་རྐྱེན་གསུམ་གྱི་དགོངས་གཞི་དེ་གཞུང་ལུགས་ཀྱི་རྒྱབ་རྟེན་དུ་བཅོལ་ཏེ། ལུམས་བཅོས་ཀྱི་སྡེབ་སྦྱོར་དང་། གསོ་ཐབས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ། དེ་བཞིན་བཟའ་བཏུང་དང་འགྲོ་འདུག་སོགས་ཕྱོགས་མང་པོར་ཕྲེང་ཐག་བཞིན་བརྒྱུས་ཡོད་ལ། གཞན“ བདུད་རྩི་ལྔ་ལུམས་” ཀྱི་སྦྱོར་རྟ་ལ་བརྟེན་ནས་ནད་རིགས་མི་འདྲ་བ་ལ“ ཁ་ཚ”སྡེབ་ནས་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ནམ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཤིག་གྲུབ་ཡོད།
བོད་ཀྱི་ལུམས་བཅོས་ནི་བོད་ཀྱི་གསོ་བ་རིག་པའི་“ ཕྱི་ནང་ཟུང་འབྲེལ” གྱི་མི་རིགས་ཁྱད་ཆོས་ལྡན་པའི་བཅོས་ཐབས་ཤིག་ཡིན་ཞིང་། སྨན་ཁུ་གསེས་པའི་ཆུ་དྲོད་མོའི་ནང་མིའི་ལུས་ཧྲིལ་པོའམ་ཡང་ན་རྐང་པ་སྦངས་ནས་ཆུའི་ཚ་དྲོད་དང་སྨན་ཀྱི་ནུས་པའི་འོག་རྩ་ལམ་དང་ཡང་ན་ཤ་སྐྱི་བརྒྱུད་ལུས་ཡོངས་འཁོར་རྒྱུན་ཕྲ་མོས་སྐུལ་འོག ལུས་ཀྱི་བ་སྤུ་ལས་ནད་རྒྱུ་གང་རུང་ཕྱིར་འབྱིན་ཐུབ་པ་བཅས་སྨན་གྱི་ནུས་པ་ལེགས་པོ་འདོན་ཐུབ་ཀྱི་ཡོད་པ་རེད།
བོད་ལུགས་ལུམས་བཅོས་ཐབས་དེ་མཚོན་བྱེད་མིང་ཐོའི་མིང་གཞུང་ནང་བཅུག་རྗེས། མངོན་མིན་རིག་གནས་ཤུལ་བཞག་གི་མཐོང་ཚད་དེ་སྤྱིའི་ཆ་ནས་ཇེ་མཐོར་དང་། དེའི་དོན་སྙིང་གལ་ཆེན་ལ་སྤྱི་ཚོགས་ཡོངས་ནས་ངོས་ཟིན་བསྐྱེད་དེ། མི་རིགས་མི་གཅིག་པ་ཡིས་ཚེ་སྲོག་བདེ་ཐང་དང་། རང་བྱུང་ལ་བརྩི་འཇོག་བྱེད་པའི་སྐོར་གྱི་སྐད་ཆ་ཤོད་རེས་ལ་སྐུལ་རོགས་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྲོལ་རྒྱུན་ཤེས་བྱ་དང་ལག་ལེན་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་ལ་མཐོང་ཆེན་གནང་གི་ཡོད་པའི་ངང་ཚུལ་ཡང་ཞོར་ནས་མངོན་ཡོད། ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ནང་། རིག་གནས་ཤུལ་བཞག་གི་རྣམ་གྲངས་འདིས་འབྲེལ་ཡོད་རང་བྱུང་ཁམས་དང་འཇིག་རྟེན་ཁམས་ཀྱི་སྲོལ་རྒྱུན་ཤེས་བྱའི་གལ་ཆེ་རང་བཞིན་གཟེངས་སུ་བཏོད་དེ་མིའི་རིགས་དང་དེའི་ཁོར་ཡུག་དབར་གྱི་རྒྱུན་མཐུད་འབྲེལ་བ་ལ་དགེ་མཚན་ལྡན་པའི་དཔེ་མཚོན་ཞིག་འདོན་སྤྲོད་བྱས་པ་ཡོད་ཅེས་བསྟན་འདུག