རྒྱུད་བཞིའི་བརྗོད་བྱ་དང་དེའི་ནང་དོན་མདོར་བསྡུས།
ཡོང་ཁུངས། | ཀློག་གྲངས།
བོད་ལུགས་གསོ་རིག་གི་རིག་པའི་གཞུང་ལུགས་ཀྱི་རྩ་བར་གྱུར་བའི་དཔལ་ལྡན་རྒྱུད་འདི་ནི་སྤྱི་ལོ་དུས་རབས་བརྒྱད་པའི་ནང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་པ་དང་དེ་ནི་རྩ་རྒྱུད་དང་བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་བཅས་སུ་བཤད་པ་དང་དེ་ཡང་རྩ་རྒྱུད་ལ་ལེའུ་དྲུག།བཤད་རྒྱུད་ལ་ལེའུ་སུམ་ཅུ་སོ་གཅིག མན་ངག་རྒྱུད་ལེའུ་དགུ་བཅུ་གོ་གཉིས། ཕྱི་མ་རྒྱུད་ལ་ལེའུ་ཉི་ཤུ་རྩ་ལྔ་དང་མཇུག་དོན་ཡོང་གཏད་ཀྱི་ལེའུ་གཉིས་ཏེ་བསྡོམས་པའི་ལེའུ་བརྒྱ་དང་ལྔ་བཅུ་དྲུག་གིས་སྒོ་ནས་ཡོངས་སུ་རྗོགས་པར་བསྟན་པ་ཞིག་ཡིན་ལ། དེའི་བརྗོད་བྱ་གཙོ་བོ་ནི་ལུས་ནད་དང་གཉེན་པོ་གསུམ་དུ་བཤད་པ་དང་དེ་ཡང་ལུས་ལ་དྭངས་མ་དང་ཁྲག་ཤ ཚིལ། རུས་བ། རྐང་། ཁུ་བ་བཅས་བདུན་དུ་བཤད་པ་དང་དེ་ལ་ལུས་ཆགས་པའི་རྒྱུ་དང་ལུས་ཀྱི་མཚན་ཉིད། ལུས་ཀྱི་ལྡང་ཚད། ལུས་ཀྱི་གནས་ལུགས། ལུས་ཀྱི་དབྱེ་བ།འཇིག་ལྟོས་བཅས་སུ་བཤད་པ་དང་ལུས་ཀྱི་དྲི་མའང་བཤང་གཅི་རྔུལ་གསུམ་དུ་བསྟན་པ་དང་། ནད་ལ་རླུང་དང་མཁྲིས་པ། བད་ཀན་གསུམ་དུ་བཤད་པ་དང་དེ་ཡང་ཕྱི་ནས་འཇུག་པ་དང་ནང་ནས་འཇུག་པ་ཕྱི་ནང་ཀུན་ཁྱབ་དུ་འཇུག་པ་སོགས་སུ་བཤད་ལ། དེ་ལ་ནང་ནས་འཇུག་པ་ནི་ཁོང་ནད་དང་ཕྱི་ནས་འཇུག་པ་ནི་རིམས་རྨ་དང་ཕྱི་ནང་ཀུན་ཁྱབ་དུ་འཇུག་པ་ནི་དུག་ནད་ལྟ་བུའོ།། ཁོང་ནད་ལ་འང་རྒྱུ་དང་རྐྱེན། དབྱེ་བ། རྟགས། བཅོས་ཐབས་སུ་བསྟན་ལ་རིམས་ནད་ལའང་རྒྱུ་རྐྱེན། དབྱེ་བ། རྟགས། བཅོས་ཐབས་བཅས་སུ་བཤད།རྨའང་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་བཅས་སུ་བཤད་ཡོད། ནད་ཕྱི་ནང་གང་ནས་འཇུག་ཀྱང་གཞི་རླུང་བད་གསུམ་ལ་ཐུགས་པ་དང་དེ་གསུམ་པོ་ཡང་ཚ་གྲང་གཉིས་སུ་བསྟན་ནས་གསོ་ཐབས་གཉེན་པོའང་བསིལ་དྲོད་གཉིས་སུ་བཤད་པ་ནི་བོད་ལུགས་གསོ་རིག་གི་གསོ་ཐབས་ཀྱི་རྩ་བའི་རིག་པ་ཡིན་ནོ།།
ནད་དེ་དག་གསོ་བར་བྱེད་པའི་གཉེན་པོ་ཡང་ཟས་སྤྱོད་སྨན་དཔྱད་བཞི་རུ་བསྟན་པ་དང་མི་ཡི་རང་བཞིན་དང་ནད་ཀྱི་ལྕི་ཡང་མི་འདྲ་བའི་དབང་གིས་དེ་དག་གི་གཉེན་པོ་བསྟེན་ཚུལ་ཡང་སོ་སོ་ཡིན་པ་སྟེ་རླུང་ནད་ཅན་ལ་རླུང་གི་ཟས་དང་རླུང་གི་སྤྱོད་ལམ། རླུང་གི་སྨན། རླུང་གི་དཔྱད་སོགས་སུ་བསྟེན་པ་དང་དེ་བཞིན་དུ་མཁྲིས་ནད་ཅན་ལ་མཁྲིས་ཟས་དང་མཁྲིས་བའི་སྤྱོད་ལམ། མཁྲིས་བའི་སྨན། མཁྲིས་པའི་དཔྱད་དང་བད་ནད་ཅན་ལ་བད་ཟས་དང་བད་སྤྱོད། བད་སྨན། བད་དཔྱད་སོགས་སུ་བསྟེན་ནས་དབྱེ་བའོ།།
སྨན་ལའང་ཞི་བྱེད་དང་སྦྱོང་བྱེད་གཉིས་སུ་བཤད་པ་ལས་ཞི་བྱེད་ལའང་ཐང་བྱེ་རིལ་བུ་ལྡེའུ་གུ་སྨན་མར་ལྔ་རུ་གསུངས་བ་དང་། སྦྱོང་བྱེད་ལའང་བཤལ་སྦྱོང་དང་སྐྱུགས་སྦྱོང་། སྣ་སྨན་གྱི་སྦྱོང་། འཇམ་སྦྱོང་། རྩུབ་སྦྱོང་ནི་རུ་ཧ་ཡི་སྦྱོང་དྲུག་དུ་བསྟན་པ་དང་དེ་དག་གི་ལོག་གནོན་རྩ་སྦྱོང་བཅས་བདུན་དུ་བཤད་པ་དང་། དཔྱད་ལའང་གཏེར་བསྲེགས་དུགས་ལུམས་བྱུགས་པ་ལྔ་དང་དེ་དག་ལོག་གནོན་ཐུར་མ་བསྣན་ན་དྲུག་དུ་བཤད་པའོ།།
གཉེན་པོ་དེ་དག་གཏོང་ཚུལ་ཀྱི་ཐད་ནས་ཀྱང་མི་འདྲ་སྟེ་མ་ཞུ་བ་ལ་སོགས་པ་ཁོང་སྨན་གཏོང་བ་དང་པགས་ནད་དང་འབྲུམ་ལ་སོགས་པ་བྱུག་སྨན་གཏོང་བ། དྲེག་གྲུམ་དང་རྩ་དཀར་ལ་སོགས་པའི་ནད་ལ་ལུམས་སྨན་བསྟེན་པ། རིམས་ནད་དང་ས་གདོན་ལ་སོགས་པ་ལ་གདུགས་སྨན་བསྟེན་པ་སྟེ་མདོར་ན་རླུང་གི་ནད་ལ་འཇམ་རྩུབ་དང་བཅུད་ཀྱི་བཅོས་པ་དང་མཁྲིས་པའི་ནད་ལ་བཤལ་དང་བསིལ་བཅུད་ཀྱིས་བཅོས་པ། བད་ཀན་ནད་སྐྱུགས་དང་དྲོད་ཀྱིས་བཅོས་བ་སོགས་གང་ལ་གང་འཚམས་དང་དེ་འཚམས་ཀྱིས་སྒོ་ནས་སྨན་བཅོས་བྱེད་པ་ལས་ནད་སྟོབས་ཆེ་ཞིང་ཚེ་སྲོག་ལ་རྒོལ་བར་བྱེད་པའི་གཅོང་ཆེན་ཟད་ལྟ་བུ་ལ་གཉེན་པོ་སྟོབས་ཤིན་ཏུ་ཆུང་བ་ཟས་སྤྱོད་ཁོ་ན་བསྟེན་པ་ཙམ་གྱིས་ཕན་པར་མི་འགྱུར་ལ། ཡང་མ་ཞུ་ཆུང་ངུ་ལྟ་བུའི་ནད་སྟོབས་ཤིན་ཏུ་ཆུང་བ་ལ་གཉེན་པོ་སྟོབས་ཆེན་དཔྱད་ལ་ལ་སོགས་པའང་མི་འགྲོ་བས་ལུས་སྟོབས་ན་ཚོད་དང་ནད་ཁམས་ནད་སྟོབས་སོགས་ལ་དཔག་ནས་གཉེན་པོ་སྨན་དཔྱད་སོགས་ཀྱང་གང་མཁོ་ནད་པ་དང་ནད་བསྟུན་ནས་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།