བོད་ལུགས་གསོ་རིག་གི་སྤྱི་ཁོག་རགས་བསྡུས་ཙམ་བཤད་པ་བློ་གསར་མགུལ་རྒྱན།
ཡོང་ཁུངས། མཚོ་སྔོན་པོ་དྲ་བ། | ཀློག་གྲངས།
བེེཌྰུར་ཞུན་མའི་མཚན་དཔེས་བརྒྱན།། ཐམས་ཅད་མཁྱེན་པ་བླ་ན་མེད།། དུག་གསུམ་ནད་སེལ་སྨན་གྱི་བླ།། མི་ཕྱེད་དད་པས་གཙུག་ཏུ་མཆོད།། ཚེ་རིག་རྒྱལ་མཚན་བསྒྲེངས་པའི་ཚོགས།། ལྷ་རྗེའི་སྔ་བ་ཚངས་པ་ནས།། འཚོ་བྱེད་གཞོན་ནུ་གཡུ་ཐོག་ཞབས།། དྲང་སྲོང་བརྒྱུད་པར་བཅས་ལ་འདུད།། ཡོན་ཏན་ནོར་བུའི་རྒྱན་གྱིས་མཛེས། འཆད་རྩོད་རྩོམ་པའི་འཕྲིན་ལས་རྒྱས།། གསོ་རིག་མཛད་ཆེན་ཁུར་དུ་བཞེས།། དགེ་བའི་བཤེས་གཉེན་རྣམས་ལ་འདུད།། སྤྱིར་ན་ཟབ་གསང་ཚེའི་རིག་བྱེད།། དཔྱོད་ལྡན་མཁས་པའི་སྤྱོད་ཡུལ་ལས།། གཟུ་ལུམ་བློ་རྨོངས་སྙོམས་ལས་པ།། སོ་སྐྱེས་བདག་འདྲའི་རྟོགས་གནས་མིན།། ད་ནི་བཤད་བྱའི་ལས་ལ་འཇུག། གསོ་རིག་བརྗོད་བྱ་སྤྱིར་བལྟོས་ཏེ།། ནད་ཅན་ནད་མེད་གཉིས་སུ་དྲིལ།། ནད་ཅན་གཞི་བརྟག་གསོ་བ་གསུམ།། ནད་མེད་རྒྱུན་སྤྱོད་དུས་སྤྱོད་དང་།། བཅུད་ལེན་རོ་ཙ་བཞི་རུ་འདུས།། ནད་གཞི་ཚ་གྲང་གཉིས་སུ་འདུས།། བརྟག་ཐབས་བལྟ་རེག་དྲི་བ་གསུམ།། གསོ་ཐབས་ཟས་སྤྱོད་སྨན་དཔྱད་བཞི།། ལག་ལེན་སུམ་བརྒྱ་དྲུག་ཅུ་ཡང་།། ངོས་བཟུང་གསོ་ཚུལ་གསོ་ཐབས་གསུམ།། ལག་ལེན་རིམ་པ་བསྡུས་པ་ནི།། ཐོག་མར་བལྟ་རེག་དྲི་གསུམ་གྱིས།། ཚ་གྲང་ལྟར་སྣང་འཁྲུལ་སོ་བསལ།། དེ་ནས་བཅོས་ཚུལ་དགུ་བོ་ཡིས།། ནད་གཉེན་སྤྲོད་པའི་རིགས་ལམ་ལྟར།། ལག་ལེན་བཅོ་བརྒྱད་ཐབས་ལ་བརྟེན།། ནད་ཀྱི་ངོ་བོ་གཞོམ་དགོས་གསུངས།། གསོ་དཔྱད་དོན་རྣམས་རྒྱུད་བཞི་རུ།། བསྡུས་ཏེ་བསྟན་པ་འདི་ལྟ་སྟེ།། རྩ་བ་ཐུགས་རྒྱུད་ས་བོན་འདྲ།། འདི་ལས་མ་སྐྱེས་གསོ་དཔྱད་མེད།། བཤད་རྒྱུད་བར་སྣང་ཉི་ཟླ་འདྲ།། ཚིག་དོན་མ་སྒྲིབ་གསལ་བོར་སྟོན།། མན་རྒྱུད་ཡོན་ཏན་ནོར་བུ་འདྲ།། དགོས་པ་མ་ཚང་གཅིག་ཀྱང་མེད།། ཕྱི་རྒྱུད་ཕ་ལམ་དང་འདྲ་སྟེ།། ནད་སྟེང་ཐོགས་པ་ཡོད་མ་ཡིན།། ཞེས་པ་གསོ་རིག་རྒྱུད་དུ་གསུངས།།
དེ་ཡང་བསྡུས་དོན་བཀྲལ་བ་ནི།། རྩ་རྒྱུད་གསོ་རིག་དོན་རྣམས་ཀུན།། སྤྱི་ཆངས་རྩ་བ་བཟུང་བའི་ཚུལ།། ལེ་འུ་དྲུག་ཏུ་བསྡུས་ཏེ་སྟོན།། བཤད་པ་སྐུ་ཡི་རྒྱུད་ཀྱིས་ནི།། གསོ་བྱ་གསོ་བྱེད་གཉི་ཀའི་དོན།། གནས་ཀྱི་རྣམས་གྲངས་བཅཅུ་གཅིག་ཏུ།། བསྡུས་ཤིང་གསོ་རིག་སྤྱི་ཁོག་ཁྲོལ།། མན་རྒྱུད་ལུས་སེམས་ནད་ཀུན་གྱི།། རྣམ་གཞག་རླུང་མཁྲིས་བད་གསུམ་གྱིས།། ཁོག་བརྟོལ་རྟགས་དང་བཅོས་ཐབས་རྣམས།། ཕན་ཚུན་སོ་སོར་འཕྲུལ་བ་དང་།། གཙོ་དང་གཅེས་བཟུང་གསོ་དགོས་སོགས།། རང་རང་གསོ་ཐབས་མདེ་ཁར་གདེགས།། གསོ་ཚུལ་གསོ་ཐབས་ཞི་སྦྱང་གི།། གཉེན་པོ་དང་བཅས་སྟོན་པ་ཡིན།། ཕྱི་རྒྱུད་གཙོ་བོ་ཞི་སྦྱོང་གི། ལག་ལེན་མདོ་དོན་དྲིལ་ནས་སྟོན།། ནད་ནི་བཞི་བརྒྱ་རྩ་བཞི་སོགས།། ཇི་ལྟར་མང་དུ་དབྱེ་ན་ཡང་།། ཉེས་པ་གསུམ་ལ་མ་ཁྱབ་མེད།། དེ་ཡང་མདོ་རུ་དྲིལ་བ་ན།། ཚ་གྲང་གཉིས་སུ་མ་འདུས་མེད།། ཅེས་ཏེ་རྒྱུད་དུ་གསུངས་ཕྱིར་རོ།།
གཉེན་པོ་སྟོང་དང་རྩ་གཉིས་སོགས།། ཇི་ལྟར་མང་དུ་དབྱེ་ཡོད་ཀྱང་།། སྤྱོད་ལམ་ཟས་སྨན་དཔྱད་བཞིར་འདུས།། གཉེན་པོ་སྨན་ཡང་ཞི་སྦྱང་གཉིས།། དཔྱད་ཀྱང་འཇམ་རྩུབ་གཉིས་སུ་འདུས།། ཟས་ནི་ཕན་གནོད་གཉིས་ཡིན་ལ།། སྤྱོད་ལམ་དག་ཀྱང་དྲག་དལ་གཉིས།། ཞི་བྱེད་བསིལ་དྲོད་སྦྱོངས་བྱེད་ཀྱང་།། དྲག་འཇམ་གཉིས་ལས་མི་འདའ་བ།། འཁྲུལ་མེད་རྒྱུད་ཀྱི་དགོངས་དོན་དང་།། གཡུ་ཐོག་བླ་མའི་ཞལ་གདམས་ལགས།།
གསོ་རིག་བརྗོད་བྱའི་སྤྱི་ཁོག་རྣམས།། རྒྱུད་བཞིར་བསྡུས་ཏེ་བསྟན་པ་ནི།། རྩ་རྒྱུད་མདོར་བསྟན་རྩ་བ་བཟུང་།། ཕྱི་མ་གསུམ་གྱིས་གསོ་རིག་གི། དོན་རྣམས་གང་ལ་གང་དགོས་པ།། ཅིའི་ཕྱིར་དགོས་ཐབས་གང་ལས་བྱུང་།།
དགོས་པའི་དགོས་པ་གང་ཡིན་པ།། དེའི་འབྲེལ་ཇི་ལྟར་ཡིན་བཅས་སྟོན།།
དང་བོ་གང་ལ་དགོས་པ་ནི།། མི་ལུས་གཙང་མ་ཐོབ་པར་དགོས།། གང་དགོས་ཚེ་རིང་བ་ལའོ།། ཅིའི་ཕྱིར་ལུས་ལ་ནད་བྱུང་བ།། ནད་ཀྱིས་ཚེ་ལ་བར་གཅོད་པས།། སྤྱོད་ལམ་ཟས་སྨན་དཔྱད་བཞི་ཡིས།། བཅོས་ཏེ་ཚེ་བསྲིང་ཕྱིར་དགོས་སོ།། དགོས་པ་དེ་ཐབས་གང་བྱུང་བ།། མན་ངག་དང་བཅས་ཡིག་ཆའམ།། སྙན་སྙན་དུ་བརྒྱུད་པ་ཡི།། ཟབ་མོ་མན་ངག་ལ་རག་ལས།། དགོས་པའི་དགོས་པ་གང་ཞེ་ན།། ཚེ་བསྲིངས་ཆོས་ནོར་ཚེ་འདི་དང་།། གཏན་གྱི་བདེ་བ་བསྒྲུབ་ཏུ་ཡོད།། དེ་ཡང་དགོས་འབྲེལ་གྲུབ་ཚུལ་ནི།། ལུས་ལས་ནད་བྱུང་ནད་ལས་རྟགས།། བྱུང་བས་དེ་བྱུང་འབྲེལ་བ་གྲུབ།། ལུས་དང་ནད་དང་གཉེན་པོ་གསུམ།། འབྱུང་བཞིས་གྲུབ་བསྐྱེད་ངོར་གྱུར་བས།། བདག་ཉིད་གཅིག་པའི་འབྲེལ་བ་གྲུབ།། དེའི་ཕྱིར་གསོ་རིག་རྒྱུད་གཞུང་དུ།། འགྲོ་བའི་ལུས་འདི་འབྱུང་བཞིས་གྲུབ།། གསོ་བྱའི་ནད་ཀྱང་འབྱུང་བཞིས་བསྐྱེད།། གཉེན་པོ་སྨན་ཡང་འབྱུང་བ་བཞིའི།། ངོ་བོར་གྱུར་ཕྱིར་ལུས་ནད་གཉེན།། གསུམ་ག་བདག་ཉིད་གཅིག་པར་འབྲེལ།། གནོད་བྱ་གནོད་བྱེད་རྟེན་བརྟེན་པར།། འབྲེལ་ཞིང་གསོ་བྱ་གསོ་བྱེད་གཉིས།། བསོད་ནམས་ལས་ཀྱིས་འབྲེལ་ཞེས་གསུངས།། ཐབས་ནི་འདུ་བ་སྙོམས་པར་འབྲེལ།། འདུ་སྙོམས་ནད་མེད་བདེ་བར་འབྲེལ།། དེ་བས་དེ་ལས་དེ་བྱུང་གི།། རྟེན་ཅིང་འབྲེལ་བའང་གྲུབ་པར་གདའ།། གསོ་རིག་ལྷ་ལམ་ཡངས་པོའི་མཐའ།། ཕྱེ་ལེབ་རྩལ་གྱིས་བགྲོད་མི་ཡང་།། བཤེས་རྣམས་གསུང་ལ་རྒྱབ་བརྟེན་ནས།། རང་ཤེས་འོལ་སྤྱི་ཙམ་ཞིག་སྤེལ།། མདོར་ན་ལེགས་ཆ་ཅི་མཆིས་པ།། ལྷ་དང་བླ་མའི་དྲིན་ལས་བྱུང་།། གསོ་རིག་བསྟན་པ་རྒྱས་ཕྱིར་བསྔོ་།། ནོར་འཆུགས་ནོངས་འགལ་འཁྲུལ་ཤེས་རྣམས།། ཁོ་བོས་མ་རྟོགས་སྐྱོན་དུ་ཆེ།། དྲང་སྲོང་བླ་མའི་སྤྱན་སྔར་བཤགས།།