ལེའུ་ཉེར་བརྒྱད་པ། ཁྱད་པར་གྱི་བཅོས་ཚུལ་རྒྱས་པར་བཤད་པ།
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསོ་རིག | ཀློག་གྲངས།
དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །ཁྱད་པར་གསོ་ཚུལ་མདོར་བསྟན་རྣམ་དགུ་པོ། །དེ་དག་རྒྱས་པར་བཀྲོལ་ན་ཇི་ལྟར་ལགས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཁྱད་པར་གསོ་ཚུལ་རྒྱས་པར་བཤད་པ་ནི། །དང་པོར་ནད་རྟགས་དཔྱད་ལ་ཐེ་ཚོམ་ན། །རླུང་གི་ནད་ལ་སད་མདའ་སྲེ་ལོང་ཐང༌། །མཁྲིས་པའི་ནད་ལ་སད་མདའ་ཏིག་ཏའི་ཐང༌། །བད་ཀན་ནད་ལ་སད་མདའ་རྒྱམ་ཚྭ་གསུམ། །ཕོ་ལོང་གཉན་སྲིན་སད་མདའ་བྱ་ཁྱུང་ལྔ། །ཁྲག་འཁྲུག་རླུང་གཟེར་སད་མདའ་མ་ནུ་བཞི། །སྦྱར་བའི་དུག་ལ་སད་མདའ་སྡུད་སྨན་བཏང༌། །ཚ་གྲང་འདྲེས་པའི་སད་མདའ་གོམས་པ་བསྟེན། །བཤལ་གྱི་སད་མདའ་སྣ་སེལ་འཁྲོག་ཐང་བཏང༌། །མེ་བཙའི་སད་མདའ་སྣུམ་ལྡན་དྲོད་དུགས་དང༌། །གཏར་གའི་སད་མདའ་རྡོ་གྲང་ཆུ་ལྕག་བྱ། །རྣག་གི་སད་མདའ་མེ་ཐུར་མིག་ཅན་བརྡེག །གཞན་ཡང་ནད་དེ་འདི་ཡིན་སྙམ་པ་ཡི། །གཉེན་པོའི་སྦྱོར་བ་ཆུང་ངུའི་སད་མདའ་བསྟེན། །འཁྲིག་དང་ལྡན་པའི་ལྟར་སྣང་ཀུན་བསྡུར་ལ། །གཉེན་པོ་གང་ལེན་དེ་ཉིད་བཅོས་པ་གཅེས། །ཁ་དམར་མི་སྨྲ་ཁ་ཅོལ་ཆུང་བར་འགྱུར། །འདི་དུས་གསལ་བར་མི་སྒྲོག་བྱིངས་པོར་སྨྲ། །ནད་ལ་ངེས་པ་བརྙེད་ཅིང་གདེངས་ཐོབ་ན། །ནད་དེ་འདི་ཡིན་རྒྱུ་རྐྱེན་འདི་ཡིས་སྐྱེད། །ད་ལྟ་འདི་ན་མཐའ་གཞུག་འདི་རུ་འགྱུར། །བཅོས་ཀ་འདི་བྱེད་དུས་ཚོད་འདི་ནས་སོས། །ཡང་ན་མི་ཐུབ་འཆི་བའི་དུས་ཚིགས་བོར། །སྤོ་དར་འཕྱར་བཞིན་ཀུན་གྱིས་གོ་བར་སྨྲ། །གཉེན་པོ་ཐོག་ཏུ་མི་འབབ་ལམ་གཞུག་དཀའ། །མ་སྨིན་ཚ་བའི་གཉེན་པོ་གྲོགས་ཐོག་འབབ། །གྲོགས་འཕེལ་བས་ནི་ཚ་བ་ཉིད་འཕེལ་བྱེད། །དེ་ཕྱིར་བད་རླུང་གྲོགས་དེ་ཐང་གིས་དབྱེ། །ནད་ཁྲག་ཟུངས་ཁྲག་འོ་མ་ཆུ་འདྲེས་འདྲ། །འབྲས་བུ་གསུམ་གྱིས་ཁྲག་ངན་ཕྱེ་ལ་གཏར། །དེ་ལྟར་མ་ཕྱེད་ནད་ལུས་ཟུངས་ལ་གནོད། །བད་ཀན་དུག་ཚད་བྱེར་བ་བསྡུས་ལ་བསད། །མ་འདུས་གཉེན་པོས་མི་གསོད་སླར་འགྲམས་འགྱུར། །གབ་ཚད་གྲང་བའི་མགོ་ཕུར་དྲོད་ཀྱིས་བཤུ། །ཅི་ཕྱིར་གྲང་བས་གཉེན་པོ་ལེན་མི་འགྱུར། །མ་ཞུའི་ནད་ཀུན་སྨིན་དང་དྲོད་སྐྱེད་སྨན། །རྩེ་བཅིལ་རྟགས་ཐོབ་གང་ཉེའི་ལམ་ནས་སྦྱང༌། །བཤལ་གྱི་སྔོན་འགྲོ་སྨན་གྱིས་ནད་ཀུན་སློང༌། །ནད་མ་ལྷོངས་ན་འཁྱག་ཐོག་ཆུ་འབེབས་འདྲ། །སྨན་པ་གཞན་གྱིས་སྔར་བཅོས་ནད་དེ་ལ། །དམན་ནམ་ལོག་གམ་ལྷག་གམ་ལེགས་བརྟགས་ལ། །དམན་པས་ནད་མ་ཞི་ན་གཉེན་པོ་བསྐྱེད། །ལོག་ནས་ནད་སྟོབས་སྐྱེས་ན་སྦྱོར་བ་བསྒྱུར། །ལྷག་ནས་ནད་གཞན་ལངས་ན་གང་ལངས་མནན། །ཚ་བ་སྟོབས་ཅན་ནད་ལ་ཆུ་བཞི་དབབ། །ག་བུར་རྩེ་ཆུང་སྨན་དང་དཔྱད་ཀྱི་ཆུ། །ཁ་ཟས་ཡེན་ལ་གཏད་པ་ཟས་ཀྱི་ཆུ། །བསིལ་སར་སྡོད་པ་སྤྱོད་ལམ་ཆུ་ཡིས་བཅོས། །གྲང་བ་སྟོབས་ཅན་ནད་ལ་མེ་བཞི་སྤོར། །དྲོད་དགུ་སྦྱར་བ་སྨན་གྱི་མེ་ཡིན་ཏེ། །མེ་བཙའ་དཔྱད་མེ་དྲོད་བཅུད་ཟས་ཀྱི་མེ། །གནས་གོས་དྲོ་བ་སྤྱོད་ལམ་མེ་ཡིས་བཅོས། །དེ་ལྟར་མ་བཅོས་ནད་རྒྱས་སྲོག་ལ་གཏོད། །སྟོབས་ཆུང་ནད་ལ་དང་པོ་སྤྱོད་ལམ་གཟབ། །དེས་མ་ཞི་ན་ཕན་གནོད་ཟས་ཀྱིས་བཅོས། །དེས་མ་ཞི་ན་བསིལ་དྲོད་སྨན་གྱིས་བཅོས། །གསུམ་གས་མ་ནོན་དཔྱད་ཀྱིས་ནད་ཡུལ་དབྱུང༌། །རླུང་དང་མཁྲིས་པ་བད་ཀན་ནད་རྐྱང་ལ། །དེ་ཉིད་ཞི་བྱ་གཞན་མ་ལངས་པར་བཅོས། །དེ་མ་ཤེས་ན་ལྡོག་རྒྱུ་བཅུ་གཉིས་འགྱུར། །ལོག་པས་རང་མ་ཞི་བར་གཞན་སྐྱེད་དེ། །རླུང་གི་ནད་ལ་ཁ་ཚའི་རོ་བསྟེན་ན། །རླུང་མ་ཞི་བར་བད་ཀན་མཁྲིས་པར་ལྡོག །མཁྲིས་པའི་ནད་ལ་ལན་ཚྭ་ཚ་བ་བསྟེན། །མཁྲིས་པ་མ་ཞི་བད་རླུང་གཉིས་སུ་ལྡོག །བད་ཀན་ནད་ལ་ཁ་དང་ལན་ཚྭ་བསྟེན། །བད་ཀན་མ་ཞི་རླུང་མཁྲིས་གཉིས་སུ་ལྡོག །མི་འཕྲོད་རྐྱེན་གྱིས་འདུས་པར་ལྡོག་པ་ཡོད། །ལྷག་པས་ནད་དེ་ཞི་ནས་གཞན་སློང་སྟེ། །མངར་དང་ལན་ཚྭས་རླུང་ཞི་བད་མཁྲིས་སྐྱེད། །ཚ་སྐྱུར་བད་ཀན་ཞི་ནས་རླུང་མཁྲིས་སྐྱེད། །མངར་ཁས་མཁྲིས་པ་ཞི་ནས་བད་རླུང་སྐྱེད། །ལྡན་འདུས་ནད་ལ་འདུ་བ་ཆ་མཉམ་པ། །ཨ་རུ་བྲག་ཞུན་འདུ་བ་སྤྱི་རུ་སྙོམས། །གནས་དང་ནད་གཞི་སོ་སོའི་ཁ་འཛིན་ནི། །སྙིང་ལ་ཛཱ་ཏི་གློ་ལ་ཅུ་གང་སྟེ། །མཆིན་པར་གུར་ཀུམ་སྲོག་རྩར་ལི་ཤི་བཏང༌། །མཁལ་མར་སུག་སྨེལ་མཆེར་པར་ཀ་ཀོ་ལ། །ཕོ་བའི་ཁ་འཛིན་སེ་འབྲུ་པི་པི་ལིང༌། །མཁྲིས་པའི་ཁ་འཛིན་ཏིག་ཏ་གསེར་མེ་ཏོག །རླུང་ལ་ཛཱ་ཏི་སླེ་ཏྲེས་རུས་བཅུད་གསུམ། །བད་ཀན་མ་ནུ་འུ་སུ་བསེ་ཡབ་བཏང༌། །ཁྲག་ལ་བ་ཤ་ཀ་དང་ཧོང་ལེན་ཏེ། །ཆུ་སེར་སྤོས་དཀར་ཐལ་རྡོར་སོ་མ་ར། །གཉན་དང་གདོན་ལ་གླ་རྩི་གུ་གུལ་ནག །དེ་དག་གང་དང་གང་དགོས་རྟགས་དང་སྦྱར། །ཐམས་ཅད་འདུས་ན་ཀུན་ལ་ཁ་གནོན་བཏང༌། །ལྡན་འདུས་ཆ་མཉམ་གང་ཤས་ཆེ་བ་ལ། །གཉེན་པོའང་དེ་དང་བསྟུན་ལ་གང་མཐོ་མནན། །ཡང་ན་སྔ་ཕྱི་རེ་མོས་བཅོས་པའམ། །ཡང་ན་ལྟག་པ་སྤྲད་ལ་དུས་གཅིག་གཞོམ། །ཉིན་དགུང་མཚན་དགུང་མཁྲིས་པའི་ཚ་བ་བསད། །བསིལ་སྨན་བསིལ་ཟས་ཚ་བའི་དུས་དེར་བསྟེན། །སྲོད་དང་སྔ་དྲོ་ཕོ་བའི་མེ་དྲོད་གསོ། །དྲོད་སྨན་དྲོད་ཟས་བད་ཀན་གྲང་བ་གཞིལ། །དགོང་དང་ཐོ་རངས་རླུང་ལ་བརྔན་པ་སྦྱིན། །དྲོད་བཅུད་ཟས་སྨན་ཐོར་བུའི་རླུང་སྣ་བསླན། །ལྷག་ན་གང་ལྷག་དགྲར་ལྡང་ཕ་སྤུན་འདྲ། །ཆད་ན་གང་ཆད་སྐྱོང་དགོས་མོ་ངན་འདྲ། །དེས་ན་འདུ་བ་ལྷག་ཆད་མེད་པར་མཉམ། །ལུས་ཟུངས་བཟོ་རྒྱུ་འདྲ་བས་ཆུད་མི་གསན། །ཕོ་བ་ཞིང་ས་འདྲ་བས་མེ་དྲོད་གསོ། །དེ་ལྟར་ཤེས་ན་འཚོ་བྱེད་སྨན་པར་འགྱུར། །གནོད་བྱ་ཡུལ་དུས་རང་བཞིན་ན་ཚོད་དང༌། །ནད་ཁམས་གནས་དང་མེ་དྲོད་ཉམས་སྟོབས་དང༌། །གོམས་པ་འདི་བཅུས་ཕྲ་མོ་ཡན་ཆད་བརྟག །ཐམས་ཅད་མཚུངས་ན་གཉེན་པོས་ནོན་པར་བཏང༌། །དེ་མ་ཡིན་ན་འཚམ་ཚད་བསྟེན་པར་བྱ། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁྱད་པར་གྱི་བཅོས་ཚུལ་རྒྱས་པར་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།