བླ་བྲང་བཀྲ་ཤིས་འཁྱིལ་་གྱི་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་གིས་འཆད་ཉན་བྱེད་ཚུལ།
ཡོང་ཁུངས། ཡོངས་འཛིན་དྲ་བ། | ཀློག་གྲངས།
ལྷ་མོ་སྐྱིད་ཀྱིས་རྩོམ་སྒྲིག་བྱས་པའི《བོད་ཀྱི་གསོ་རིག་ལོ་རྒྱུས་སྐོར་གྱི་དྲིས་ལན་རྒྱ་མཚོར་འཇུག་པའི་གྲུ་གཟིང་ས》ལས། ཀརྨ་ངེས་ལེགས་བསྟན་འཛིན་ནི་དུས་རབས་བཅུ་བདུན་པའི་དུས་འགོར་འཁྲུང་ས་པར་བཤད་ཅིང་སི་ཏུའི་དངོས་སློབ་ཡིན། ཁོང་གིས་གངས་རིའི་ཁྲོད་འདིར་སྔ་ཕྱིར་བྱུང་བའི་ནད་རིགས་ཐམས་ཅད་ཀྱི་གསོ་ཐབས་ལག་ལེན་དང་གཞུང་གདམས་མན་ངག་མང་པོ་དག་ལས་གཅེས་དགུ་ཕྱོགས་གཅིག་ཏུ་བསྡུས་ནས། ཕན་བདེ་བསིལ་ཟེར་འཕྲོ་བའི་ཟླ་བ་གསར་བའམ་མིང་གཞན་ལ་སྨན་བསྡུས་ཨེ་ཞེས་པ་ཞིག་དང་། དེ་བཞིན་གསོ་བ་རིག་པའི་སྨན་གྱི་སྦྱོར་སྡེ་མཐའ་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས་མན་ངག་རྒྱུད་དང་ཕྱི་མ་རྒྱུད་ཀྱི་ལྷན་ཐབས་ཀྱི་ཚུལ་དུ་བཀོད་པ་ཕན་བདེ་ནོར་བུའི་བང་མཛོད་དམ་སྨན་བསྡུས་ཝཾ་ཞེས་པའི་པོ་ཏི་ཆེན་པོ་གཉིས་གསར་དུ་བརྩམས་པ་ཡིན། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ནི་བོད་རབ་བྱུང་བཅུ་གཉིས་པའི་སྦྲུལ་སྤྱི་ལོ1725ལོར་ཆབ་མདོ་གོ་འཇོ་རྫོང་དུ་སྐུ་འཁྲུངས་ཤིང་། བོད་སྨན་མཁས་པ་མི་དགུའི་ཡ་གྱལ་བི་བྱིའི་གདུང་རྒྱུད་ཡིན་པར་བཤད།
མཁས་མཆོག་འདིས་སྨན་དཔྱད་ཡར་རྒྱས་ཀྱི་ཆེད་དུ་སྐུ་ངལ་བརྒྱ་ཕྲག་ཁྱད་དུ་བསད་ནས་སྔ་རྟིང་དུ་རྒྱ་གར་དང་། རྒྱ་ནག བོད་ཡོང་ས་ཀྱི་ཡུལ་ཁམས་ཕལ་མོ་ཆེ་བཅས་ཕྱོགས་མཐའ་མང་པོ་བསྐོར་ནས་ཡུལ་དངོས་རྟོག་དཔྱད་ཀྱིས་སྨན་རྫས་ཀྱི་རིགས་ལ་དོགས་གཅོད་ཞིབ་འཇུག་དང་། དབྱེ་ཞིབ། ཕྱོགས་བསྡོམས་བཅས་བྱས་ཏེ་སྔར་ཡོད་བོད་ཀྱི་སྨན་རྫས་རིག་པའི་གཞུང་ལུགས་རྣམས་རྨང་གཞི་བྱས་ཐོག སྡེ་ཚན་གསར་བ་ཁ་སྐོང་དང་ཁ་སྣོན་བྱས་ནས་སྨན་སོ་སོའི་སྐྱེ་གནས་དང་། འཁྲུངས་དཔེ། རོ་ནུས་ཞུ་རྗེས་སོགས་གསལ་ལ་མ་འདྲེས་པར་བཀོད་དེ་རབ་བྱུང་བཅུ་གསུམ་པའི་མེ་ལུག་ལོ་སྟེ། སྤྱི་ལོ1787ལོར་བདུན་རྩི་སྨན་གྱི་ནུས་པ་རྐྱང་བཤད་གསལ་སྟོན་དྲི་མེད་ཤེལ་གོང་དང་། བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེས་ཕྲེང་ཞེས་པའི་སྨན་རྫས་རིག་པའི་བསྟན་བཅོས་མ་བུའམ་རྩ་འགྲེལ་གཉིས་བརྩམས་ཏེ། བོད་ཀྱི་སྨན་རྫས་རིག་པ་སྔར་བས་གྱ་ནོམ་ཞིང་ཕུན་སུམ་ཚོགས་པར་བཏང་ཡོད་པས་མཛད་རྗེས་དང་གྲུབ་འབྲས་ནི་དུས་ཕྱིས་སུས་ཀྱང་འགྲན་དུ་མེད་པ་ལྟ་བུ་ཞིག་ཡིན། སྨན་གཞུང་འདི་ནི་བོད་ཀྱི་སྔོ་འབུམ་བསྟན་བཅོས་ཡོངས་ལས་ནང་དོན་ཆེས་རྒྱས་ཤོས་དང་རིག་གཞུང་གི་ཆུ་ཚད་ཆེས་མཐོ་ཤོས་ཡིན་པས། ཕྱིས་བྱུང་སྨན་པ་ཀུན་གྱིས་གཞུང་འདི་སྤྱི་བོའི་གཙུག་ཏུ་བཀུར་ནས་ཡིད་ཆེས་གདེང་འཁེལ་དང་ཤིན་ཏུ་གཙིགས་ཆེ་བར་བྱས་དང་བྱེད་བཞིན་ཡོད་པ་ཚང་མས་ཤེས་གསལ་ལྟར་དང་། དེའུ་དམར་པས་ད་དུང་སྨན་གྱི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་དང་། དཔྱད་མཆོག་གཏར་གའི་གདམས་པ་ཉེས་འཁྲུགས་རྙོག་མ་དྲུང་ས་འབྱིན། མེ་བཙའི་གདམས་པ་རྒྱས་སྤྲོས་གསལ་སྟོན་ཤེལ་དཀར་མེ་ལོང་། རོ་བསྡེབས་སྦྱོར་བ་དོན་ཚང་ཚིག་བསྡུས། གསོ་བ་རིག་པའི་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་དྲང་སྲོང་དགྱེས་པའི་འཛུམ་ཕྲེང་སོགས་ལྗགས་རྩོམ་དྲུགས་ཅུ་ལྷག་མཛད་ཡོད་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་གསོ་རིག་གཅེས་བསྡུས་རིན་ཆེན་ཕྲེང་བ་ཞེས་པར་གསལ་བ་ལྟར་ལགས།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཞུ་བའི་མཁྱེན་བརྒྱའི་བདག་ཉིད་ཆེན་པོ་འདི་ནི་བོད་རབ་བྱུང་བཅུ་བཞི་པའི་ཆུ་བྱ(1813-1899)ལོར་མདོ་སྟོད་འབྲི་ཟླ་ཟལ་མོ་སྒང་དུ་སྐུ་འཁྲུངས་ཤིང་། ཁོང་གིས་གསོ་དཔྱད་ཀྱི་སྐོར་ལ་འཚོ་བྱེད་ལས་དང་པོར་ཉེ་བར་མཁོ་བའི་ཟིན་ཏིག་གཅེས་བསྡུས་བདུད་རྩིའི་ཐིགས་པ་ཞེས་རང་ཅག་སྨན་པ་རྣམས་ལ་ནང་དོན་རྒྱས་བསྡུས་འཚམས་ཤིང་ལག་ལེན་དུ་བསྟར་བདེ་བ་ཞིག་བརྩམས་པ་མ་ཟད། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་འཚོ་བྱེད་མཁས་པའི་སྙིང་བཅུད་དང་། ལྕགས་ཁམས་ཐལ་བཟོའི་ལག་ལེན་འཚོ་བྱེད་མཁས་པའི་ཁྱད་ནོར། གསོ་རིག་གིས་མཚོན་པའི་རིག་གནས་ཀུན་གྱི་སྤྱི་དོན་དང་འབྱུང་ཚུལ་སྐོར་གྱི་རྣམ་བཤད་ཤེས་བྱ་ཀུན་ཁྱབ་མཛོད་སོགས་མཛད་ཡོད། ལྷག་དོན་ཤེས་བྱ་ཀུན་ཁྱབ་མཛོད་ཀྱི་གསོ་དཔྱད་སྐོར་ལ་ཆོས་འབྱུང་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མས་ཕྱུག་པ་དཔེར་ན། དཔལ་ལྡན་རྒྱུད་བཞིའི་བྱུང་ཚུལ་སྐོར་ལ། རྒྱུན་སྲོལ་ཀུན་འདུས་གཡུ་ཐོག་སྨན་གྱི་བླར། དཔལ་ལྡན་ཕྲེང་བས་གསང་མཛོད་དངོས་སུ་བསྩལ། ཡུལ་ཀུན་གདམས་པའི་བཅུད་བླངས་རྒྱུད་ཆེ་ཆུང་། ཐུན་མོང་ཁྱད་པར་ཆོས་འཁོར་བསྐོར་བ་ལས། ཡན་ལག་བརྒྱད་པའི་བཤད་རྒྱུན་གྱི་སྲོལ་ཀ་ཡོང་ས་སུ་རྫོགས་པ་གཡུ་ཐོག་པ་ཡོན་ཏན་མགོན་པོ་ལ་འདུས་ཤིང་བབས། དེའང་ཕྱི་ལྟར་ན་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོ། ནང་ལྟར་འཕགས་པའི་ས་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཆེན་པོ། གསང་བ་ལྟར་ན་བོད་ཀྱི་གདུལ་བྱ་འདུལ་བའི་དོན་དུ་བཅོམ་ལྡན་འདས་སྨན་གྱི་བླ་མ་ཉིད་སྨན་པའི་གཟུགས་སུ་སྤྲུལ་བ་ཡིན། ཞེས་བོད་ཀྱི་གསོ་རིག་རྒྱུད་བཞི་ནི་གཡུ་ཐོག་རང་གིས་མཛད་པར་བཞེད།
འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ནི་བོད་རབ་བྱུང་བཅུ་བཞི་པའི་མེ་རྟ(1846-1912) ལོར་མདོ་ཁམས་སྡེ་དགེའི་མངའ་ཁུལ་དུ་སྐུ་འཁྲུངས་ཤིང་། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཞལ་སློབ་ཡིན། རྗེ་འདིས་གསོ་རིག་སྐོར་ལ་རྩ་རྒྱུད་ཀྱི་རྡེའུ་འགྲེམས་མྱང་ན་མེད་པའི་ལྗོན་ཤིང་དང་། ཕྱི་མ་རྒྱུད་ཀྱི་རྩ་མདོ་ཆུ་མདོའི་ཊཱི་ཀཱ། གཅེས་བསྡུས་ཕན་བདེའི་བང་མཛོད། བྱང་ཁོག་ཡུལ་ཐིག་སོགས་ཤིན་ཏུ་གསལ་བར་བཀོད་པ་བེེཌཱུརྱའི་མེ་ལོང་། རིན་ཆེན་དངུལ་ཆུ་སྦྱོར་བའི་རྟོགས་པ་བརྗོད་པའི་གཏན་ངོ་མཚར་འཆི་མེད་གྲུབ་པའི་རྣམ་རྒྱན། སྨན་སྦྱོར་བདུད་རྩིའི་ཐིག་ལེ། གཡུ་ཐོག་ཤོག་དྲིལ་སྐོར་གསུམ་གྱི་མ་བུ་དོན་བསྡེབས་སུ་བཀོད་པ། ལུས་ལ་ཉེར་མཁོ་སྐོར་བརྒྱད་སོགས་མཛད་ཡོད་པ་དེང་སང་ང་ཚོའི་མིག་བསོད་དུ་མཇལ་རྒྱུ་ཡོད།