རྩ་ཆུ་ཕྱི་ཡུལ་དུ་ཚ་རྟགས་སྟོན་ཀྱང་སྦུད་པ་གྲང་ཡང་མེ་ཡི་གྲོགས་སུ་འགྱུར་བ་བཞིན་ངོ་བོ་རླུང་གིས་ཚ་བ་བུས་པའི་ཚད་པའི་མིང་།།
རྒྱུ་རྐྱེན།
དེ་རྐྱེན་ནི་རང་བཞིན་རླུང་དང་བསྡོངས་པས་རིམས་ཀྱིས་འགོས་པའི་ནད་དམ་འཁྲུགས་པ་འབྱུང་བ། རླུང་ཤས་ཆེ་བའི་ཚ་བ་ལ་བསིལ་སྦྱོར་ཐལ་བ་དང་། གཏར་ག་དང་བཤལ། རྔུལ་དབྱུང་བ་དང་ཟས་སྐོམ་ལ་བཅུད་མེད་ཡེན་ལ་གཏད་པ། སྲོག་རྩ་རླུང་གི་གནས་སུ་བབས་ན་ཚ་བ་ཡིན་ཡང་གནས་ཀྱི་དབང་གིས་ཚ་བ་དེ་རླུང་གིས་བུས་པར་བྱེད།།
ནད་རྟགས།
དབུགས་ཐུང་ཞིང་རྔམ་པ་རྒོད་ལ་ལུས་ཀྱི་ཕྱིའི་ཚད་པ་ཆེ་བ་དང་། མིག་གི་སྤྲིན་པ་དམར་བ། གཟེར་འཕོ་ཞིང་ཁ་སྐོམ་དད་ཆེ་ལ་མིག་གི་རྩ་གྲུང་བ་དང་། སྣ་བུག་ཧར་ལ་ཉིན་མཚན་གཉིས་ཀར་གཉིད་ཆུང་ཞིང་སྐབས་སུ་དངངས་པ་དང་། ལུས་ཀྱི་བ་སྤུ་ལངས་ལ་རླུང་གསང་ཚིགས་པ་དང་པོ་དྲུག་པ་བདུན་པ་དཀར་ནག་མཚམས་སོགས་མནན་ན་ན་བའོ།
གཡལ་མང་ལ་རླུང་གསང་མནན་ན་ན་ཞིང་སྟོང་སྐྱུགས་བྱེད་པ་དང་། ཤེས་བ་འཕྱོ་བ། གཏམ་ཆལ་ཆོལ་སྨྲ་བའོ། ལུས་ཁམས་འདར་བ། རླུང་ཁ་གནོན་པའི་ཟས་སྨན་རིགས་ཀྱིས་ཕན་སྙམ་བྱེད་པའོ།
རྩ་རྒྱུད་ནི་སྟོང་ལ་རྩའི་སྟོད་རྒྱུག་པ།
ཆུ་མདོག་དམར་ཞིང་དྭངས་ལ་ཝུ་བ་ཆེ་བ།
ལྕེ་ནི་དམར་ལ་སྐམ་ཞིང་རྩུབ་པ།
གཞོགས་འདེགས་བརྟག་དཔྱད།
ནད་གཞི་འདི་ལ་འབྲེལ་ཡོད་བརྟག་དཔྱད་ལས་གནས་སྐབས་རྒྱུན་ལྡན་མིན་པའི་སྣང་ཚུལ་མ་མཐོང་ལ། རྗེས་མ་མཐོང་ཚེ་ཁ་གསབ་བྱེད་ངེས།
འཁྲུལ་སོ་བསལ་བ།
རྙིང་ཚད་དང་འཁྲུལ་སོ་བསལ་བ། གདོང་པ་སྣུམ་ལ་ཁ་འབྱར་ཞིང་རྐན་གྱི་ཕུག་སྐམ་ལ་གྱོང་པ་དང་། མིག་གི་རྩ་དམར་ལ་ཚག་ཅིང་མཆི་མ་མང་དུ་འཛག་པ་དང་། ཤའི་མདོག་སྔོ་ལ་སྐམ་ཞིང་དྲེག་པ་ཆུང་ངུ་ཆགས་པ་དང་འགུལ་བསྐྱོད་བྱས་ན་རྒྱུན་གཏན་མིན་པར་གློ་སྙིང་འཕར་སྡོད་བྱེད་པ་དང་། རོ་སྟོད་ཚ་བ་དང་ཡན་ལག་བཞི་དང་རོ་སྨད་རྣམས་ལྕི་ལ་སྦྲིད་པ།
རྙོགས་ཚད་དང་འཁྲུལ་སོ་བསལ་བ། གདོང་མདོག་སེར་ཞིང་སྦོས་ལ་ལྕེ་སྙིལ་དང་སེན་མོའི་བཀྲག་མདངས་ཉམས་ནས་སྐྱ་གླེག་ཏུ་འཆོར་ཞིང་། ལུས་འགུལ་ན་དབུགས་ལ་རྔམ་པ་རྒོད་ལ་གློ་སྙིང་གཉིས་རྒྱུན་གཏན་མིན་པར་འཕར་བ་དང་། ལུས་ཀྱི་ཤེད་ཆུང་ཞིང་རྔུལ་ཁ་སྙི་བ་སྟེ་འཕྲལ་འཕྲལ་དུ་འོང་ལ་ཁ་དང་ལྕེ་སྐམ་པ་དང་། ཉིན་མཚན་གཉིས་ཀར་གཉིད་ཆེ་ལ་གློ་མང་ཞིང་། མིག་ལྕིབ་དང་རྐང་བའི་བོལ་གཡོ་བ་དང་། ལུས་པོ་བྱིངས་བརྩེ་ཞིང་རོ་སྟོད་ལ་གཟེར་ཕྲན་འོང་བ།
གསོ་ཐབས།
གསོ་ཚུལ།
ཚ་སྟོངས་ཁ་དྲག་དཔུང་པ་གཉའ་ཚུལ་བཅོས། རྩ་སྟོངས་འཕྲང་ཁ་སོ་པས་བཅད་པའི་ཚུལ། རླུང་སྟོངས་སྨྱོན་པ་མལ་འཇུག་པ།
བཅོས་ཐབས།
ཟས། ཟས་ལ་ལུག་ཤ་མར་དུ་བརྔོས་པའི་ཁུ་བ་དང་ཆང་གི་ཟིལ་ཁུ་ནངས་ནུབ་དང་། བ་ལང་གི་ཤ་དང་རི་དྭགས་ཀྱི་ཤ་གསར་བ་ཉིན་གུང་། སྐོམ་དུ་སླེ་ཏྲེས་དང་བུ་རམ་རྙིང་པ་བསྡུས་པའམ། ཆང་གསར་འཇམ་དང་འོ་མ་བསྐོལ་བ་གྲང་དུ་བཅུག་པར་བུར་དཀར་བཏབ་པ་གཏོང་བ།
སྤྱོད་ལམ། རླུང་བསེར་བུ་ཕོག་ས་ནས་སྡོད་པ་དང་མི་སྙན་པའི་གཏམ་ཐོས་སར་སྡོད་པ། དྲག་ཤུལ་གྱི་ལས་བྱེད་པ་ཅ་ཅོ་དང་འདུ་འཛི་བྲེལ་ཟིང་བཅས་སྤང་དགོས། རང་གི་ཡིད་དུ་འོང་བའི་བསྟེན་ཏེ་གནས་ཁང་དྲོ་བའི་གནས་སུ་བསྡད་ན་ཕན།
སྨན། ཨ་གར་བཅོ་ལྔ། ཨ་གར་སོ་ལྔ། ཅུ་གང་བདེ་བྱེད།
དཔྱད། དུས་དགོང་ཀ་ཉི་མ་ནུབ་པ་དང་དུས་མཉམ་དུ་ཚིགས་པ་དྲུག་པ་དང་བདུན་པ་དང་ཨན་སྟོང་རྣམས་མེས་བསྲེག་ཅིང་གཟེར་གང་བྱུང་གི་སར་འབའ་ཆ་སྟེ་སྣུམ་ཚགས་པའི་སྙིགས་མ་དང་རུས་རྙིང་དང་། མར་ཁུ་བཙགས་བཅད་ནང་རྩམ་པ་བཏབ་ནས་དཀྲུགས་པའི་འོལ་སྐོམ་མམ་ཕྱེ་མར་དང་། རྡོ་འཁར་གོང་སྲིན་ཅན་ཏེ་འབུས་ཟོས་ནས་བུག་པ་སྡོལ་བ་འདྲ་བའི་རྡོ་དཀར་མོ་དེ་ཉིད་ཆང་གིས་བྲན་མེ་ལ་བསྲོས་པས་བདུག་ན་ཕན་ནོ། རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་དུ་རང་གི་མཐོང་བ་རྒྱུད་པའི་ཕྱག་ལེན་ལྟར་བཅོས་པར་བྱའོ།
ཕན་འབྲས་ཚད་གཞི།
སངས་དྲག
གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
དབུགས་ཐུང་ཞིང་རྔམ་པ་རྒོད་ལ་ལུས་ཀྱི་ཕྱིའི་ཚད་པ་ཆེ་བ་དང་། མིག་སྤྲིན་དམར་བ། གཟེར་འཕོ་ཞིང་སྐོམ་དད་ཆེ་ལ་མིག་གི་རྩ་གྲུང་བ་དང་། སྣ་བུག་ཧར་ལ་ཉིན་མཚན་གཉིས་ཀར་གཉིད་ཆུང་ཞིང་སྐབས་སུ་དངང་པ་དང་། ལུས་ཀྱི་བ་སྤུ་ལངས་ལ་རླུང་གསང་ཚིགས་པ་དང་པོ་དྲུག་པ་བདུན་པ་དཀར་ནག་མཚམས་སོགས་མནན་ན་ན་བ། གཡལ་མང་ལ་རླུང་གསང་མནན་ན་ན་ཞིང་སྟོང་སྐྱུགས་བྱེད་པ་དང་། ཤེས་བ་འཕྱོ་བ། གཏམ་ཆལ་ཆོལ་སྨྲ་བའོ། ལུས་ཁམས་འདར་བ། རླུང་ཁ་གནོན་པའི་ཟས་སྨན་རིགས་ཀྱིས་ཕན་སྙན་བྱེད་པ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བའམ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན།།