མིག་གི་འབྲེལ་སྐྱི་དང་རྒྱལ་མོའི་མདུན་སྐྱི་སོགས་ཀྱི་གནས་སུ་ནད་འགྱུར་བྱུང་ནས་མིག་གིས་གཟུགས་ལ་ལྟ་སྐབས་འོད་འཚེར་བ་ལྟར་ལྟ་མི་བཟོད་པར་གྱུར་པའི་མིག་ནད་ཅིག་ཡིན།
རྒྱུ་རྐྱེན།
དུས་རྒྱུན་ཟས་སྤྱོད་དམན་ལྷག་ལོག་པར་གྱུར་བ་སོགས་ཀྱི་རྐྱེན་གྱིས་ལུས་ཀྱི་འདུ་བ་རླུང་དང་། མཁྲིས་པ། བད་ཀན། ཁྲག་བཅས་འཁྲུགས་ཏེ་བསྐྱེད་པ།
ནད་རྟགས།
མིག་སྐམ་པོ་བྱེད་པ་དང་། རྩུབ་པོ་ཆགས་ཤིང་ཚ་ཤར་རྒྱག་ལ་མིག་ལ་བསེར་བུ་ཕོག་ཚེ་ལྷག་པར་གནོད་པ། (དེ་ལ་སྐམ་ཚག་གམ་རྒྱུ་བད་རླུང་ཡང་ཟེར།)
མིག་དམར་ཞིང་ཚ་དྲོད་ཆེ་བ་དང་། ཉི་མ་དང་མེ་སོགས་དྲོད་ཅན་གྱི་འོད་མི་བཟོད་པ་དང་མིག་མཆི་མས་རྒྱུན་དུ་ཁེངས་པ་སོགས་ཀྱི་མངོན་ཚུལ་ཡོད། (དེ་ལ་གཤེར་ཚག་གམ་རྒྱུ་ཁྲག་མཁྲིས་ཡང་ཟེར།)
གཞོགས་འདེགས་བརྟག་དཔྱད།
ཁྲག་པྲ་ལས་WBCཇེ་མཐོ་འགྲོ་སྲིད།
འཁྲུལ་སོ་བསལ་བ།
མིག་ནད་སྐམ་ཚག་དང་འཁྲུལ་སོ་བསལ་བ། མིག་ནད་སྐམ་ཚག་ནི་རྒྱུ་བད་རླུང་ཡིན་རྐྱེན་མིག་ལ་བསེར་བུ་ཕོག་ཚེ་ལྷག་ཏུ་གནོད་པ།
གཤེར་ཚག་དང་འཁྲུལ་སོ་བསལ་བ། གཤེར་ཚག་གི་རྒྱུ་ཁྲག་མཁྲིས་ཡིན་རྐྱེན་ཉི་མ་དང་མེ་སོགས་དྲོད་ཅན་ཀྱི་འོད་མི་བཟོད་པ། མིག་ནད་ལིང་ཐོག་ནི་རྒྱལ་མོའི་མདུན་སྐྱིའི་སྟེང་དུ་ནད་འགྱུར་བྱུང་ནས་སྐྱ་བོ་དང་སེར་ཐིག་དོན་པ་དང་། གཟེར་ཟུག་རྒྱག་པ། དཀར་འོད་མི་བཟོད་པ། མཆི་མ་ཡང་ཡང་བཞུར་བ།
གསོ་ཐབས།
གསོ་ཚུལ།
ཐོག་མར་སད་མདའ་བཏང་ནས་ནད་ངོ་ལེན་པ། བར་དུ་གཉན་གཅོགཐ་མ་ནད་རྗེས་གཅོད་པ།
བཅོས་ཐབས།
ཟས། དཀར་མངར་སྤངས་ཏེ་དྲོད་བཅུད་རིགས་བསྟེན་པ།
སྤྱོད་ལམ། མིག་གི་དབང་བོ་དམན་ལྷག་ལོག་པར་མི་བྱ་བ།
སྨན། མིག་ནད་སྐམ་ཚག་ལ་ཁོང་དུ་སྨན་ཨ་གར་སོ་ལྔ་དང་། འབྲས་གསུམ་སྨན་མར། སྤང་རྒྱན་བཅོ་ལྔ། གུར་ཁྱུང་། བདུད་རྩི་བཅུ་གཅིག གསལ་བྱེད་ཨ་ཝ་བཅོ་ལྔ་སོགས་ནད་རྟགས་དང་བསྟུན་ནསབཏང་བར་བྱའོ། གཤེར་ཚག་ལ་སྤང་རྩི་བཅུ་གཉིས། གུར་ཁྱུང་། གསེར་ཞི་སོགས་ནད་རྟགས་དང་བསྟུན་ནས་གཏང་བར་བྱ།
དཔྱད། སྐམ་ཚག་ལ་ཏི་ཚ་སྟེ་ཞ་ཉེའི་རྡོ་དམར་སེར་འོད་ཅན་ཤིན་ཏུ་ལྕི་བ་དང་། ཡུང་བ་དང་སྐྱེར་བ་སྟེ་སེར་པོ་གཉིས། ཅུ་གང་དང་བཅས་བ་མར་གསར་དང་ཀ་ར་སྦྱར་ལ་མེ་ལོང་ཕྱིས་པའི་ནང་བཞག་ནས་ཞག་འགའ་གླན་པའི་གཡའ་བླངས་པ་བཅས་ཀྱིས་བྱུག
ཕན་འབྲས་ཚད་གཞི།
སངས་དྲག
གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
མིག་སྐམ་པོ་བྱེད་པ་དང་། རྩུབ་པོ་ཆགས་ཤིང་ཚ་ཤར་རྒྱག་ལ་མིག་ལ་བསེར་བུ་ཕོག་ཚེ་ལྷག་པར་གནོད་པའམ། མིག་དམར་ཞིང་ཚ་དྲོད་ཆེ་བ་དང་། ཉི་མ་དང་མེ་སོགས་དྲོད་ཅན་གྱི་འོད་མི་བཟོད་པ་དང་མཆི་མས་རྒྱུན་དུ་ཁེངས་པ་སོགས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།