ཡ་མ་ནག་པོ་ནི་སེམས་འཁྲུལ་ཞིང་སྟོབས་ཆུང་བ། སྐབས་རེ་ན་ཟུག་མི་བཟོད་པར་ན་བ། སྣབས་ཀྱི་མདོག་དམར་ཞིང་རྒྱ་སྲུབས་ཀྱི་སྟེང་དུ་སྐྲངས་བ་བཅས་ཀྱི་ནད་རྟགས་སྟོན་ཞིང་ཁྱད་པར་ཁྲག་དང་མཁྲིས་པར་བསྡོངས་ཟླ་ལྡན་པའི་སྲིན་ནད་ཟུག་རྔུ་དང་ཚ་ཤས་ཆེ་བ་ཞིག།
རྒྱུ་རྐྱེན།
ཉེས་གསུམ་ཁྲག་དང་ཆུ་སེར་སྲིན་རྣམས་ལས་བྱུང་བ་དང་། རྐྱེན་ནི་དུས་གདོན་ཟས་སྤྱོད་སྤྱི་དང་། མྱ་ངན་བྱུར་ཆགས་སོགས་ཀྱིས་བསྐྱེད་པ།
ནད་རྟགས།
མཚོག་གསང་དང་སྲིན་ཚང་ན་བ་དང་། ཁྱད་པར་མདའ་ལྟར་མྱུར་པའི་གཟེར་འཁྱུག་དྲག་པོ་འོང་། ཤ་མདོག་ནག་ལ་ལུས་ཚ་བ།
མགོ་བོའི་ལྟག་ཁུང་ན་ཞིང་རེངས། ཤེས་བ་ལྕི་ཞིང་ལུས་པོ་འདར། དང་ག་མི་བདེ་ཞིང་ལུས་ཟུངས་འཛད།
འཁར་གོང་མེ་ལ་བསྲེག་པར་མཆིལ་མ་བཏབ་པས་ནག་པོར་འགྲོ་བ།
རྩ་རྒྱུད། རྒྱུ་བ་མགྱོགས།
དྲི་ཆུ། ཆུ་མདོག་དམར་སེར་འབྱུང་།
ལྕེ། སེར་ལ་དྲེག་སྐྱ་ཆགས།
གཞོགས་འདེགས་བརྟག་དཔྱད།
འབྲེལ་ཡོད་ཁྲག་པྲ་ལས་ཁ་ཤས་ལ་འགྱུར་ལྡོག་ཡོད།
འཁྲུལ་སོ་བསལ་བ།
འཁར་གོང་མེ་ལ་བསྲེག་པའི་དམར་པོ་དེར་ལ་ནད་པས་མཆིལ་མ་བཏབ་ནས་བརྟག་པ་ལ་གྲང་ནས་ནག་པོར་སྣང་ན་ནག་པོར་ཤེས་པར་བྱའོ། གཞན་ཡང་ཉིན་གུང་དུས་སུ་ན་བ་ལ་ཆུ་ལྕག་དང་གྲང་མོས་ཕན་པ་སོགས་སོ།
གསོ་ཐབས།
གསོ་ཚུལ།
ཐོག་མར་སད་མདའ་བཏང་། བར་དུ་ན་ཟུག་གཅོག་པ། ཐ་མ་ནད་རྗེས་གཅོད་པའོ།
བཅོས་ཐབས།
ཟས། མངར་སྐྱུར་དང་དམར་སོགས་ལ་འཛེམ་དགོས་བ་དང་ལྷག་ཏུ་རྣོ་ཚའི་རིགས་སྤངས་ལ། ལུས་སྟོབས་ཤོར་ཞིང་ནད་ཡུན་རིང་དུ་ལོན་པའི་རིགས་ལ་ཤ་གསར་ཅུང་ཟད་བསྟེན་ཀྱང་རུང་།
སྤྱོད་ལམ། བསིལ་བར་གནས་ཤིང་ལུས་དལ་བུར་སྡོད་པ།
སྨན། ཁྲག་མཁྲིས་ཚ་ཤས་ཆེ་བ་ལ་སྤང་རྩི་བཅུ་གཉིས་སྟེང་དུ་ཐང་ཕྲོམ་དཀར་པོ་དང་། བྱི་ཏང་ཀ་བསྣན་པའི་བསྐོལ་གྲངས་དབུལ་ལ་བཏང་། ཡང་ན་ཐང་ཕྲོམ་བཅོ་བརྒྱད་པ་དང་། མ་རུ་ཙེ་དགུ་བ། གསེར་མདོག་བཅུ་གཅིགགུར་ཁྱུང་། དངུལ་ཆུ་བཅོ་བརྒྱད། བྱེ་རིང་ཡ་མ་དྲུང་འབྱིན་སོགས་གང་དགོས་ནད་རྟགས་དང་བསྟུན།
དཔྱད། དུར་བྱིད་དང་བྱི་ཏང་གཕུར་མོང་། དུ་བ་རལ་བ་རྣམས་སྦྱར་བའི་སྦྱོངས་བཏང་ལ།
མུར་གོང་གི་འཕར་རྩ་གཏར། ད་དུང་ཤིང་ཀུན་དང་སྒོག་སྐྱ། ཤ་བའི་ཚིལ་བཅས་བསྲོས་པས་དུགས་བདུག་ཅིང་། ཤ་བའི་སློ་དང་ཁྲག་ཚིལ་ཀྱི་ལུམས་ཀྱང་བྱའོ། སྲིན་ནད་གློག་ལྟར་འཁྱུག་པ་ལ་ལོང་གསང་མདུན་ལྟེ་བའི་གཡས་གཡོན་ཚོན་རེའི་ས་དང་རྒྱབ་ཀྱི་ཚིགས་པ་བཅུ་དྲུག་པ་མེ་ཡིས་བསྲེགགང་དུ་གཟེར་བའི་གནས་ཀྱི་སྟེང་གཙག་བུས་བཞི་ཤོར་དྲས་ལ་སྲིན་འདོན་པ་དང་ཡང་ན་མེ་བཙས་འཚོས་པར་མནན།
ཕན་འབྲས་ཚད་གཞི།
སངས་དྲག
གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
མཚོག་གསང་དང་སྲིན་ཚང་ན་བ་དང་། ཁྱད་པར་མདའ་ལྟར་མྱུར་པའི་གཟེར་འཁྱུག་དྲག་པོ་འོང་། ཤ་མདོག་ནག་ལ་ལུས་ཚ། མགོ་བོའི་ལྟག་ཁུང་ན་ཞིང་རེངས། ཤེས་བ་ལྕི་ཞིང་ལུས་པོ་འདར། དང་ག་མི་བདེ་ཞིང་ལུས་ཟུངས་ཟད་པ་སོགས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་ཐ་མལ་དུ་ཚུད་པ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན།།