སྙིང་ལ་བད་ཀན་ཞུགས་ནས་ཤེས་པ་འཐིབ་ཅིང་ཉོབ་པ་དང་རླུང་ཁྲག་གི་རྒྱུ་བ་ཇེ་ཞན་དུ་འགྲོ་བའི་ནད་ཅིག་ཡིན།
རྒྱུ་རྐྱེན།
ཁ་ཟས་སྣུམ་བཅུད་དང་འཇུ་དཀའ་བའི་རིགས་དུས་རྒྱུན་བསྟེན་དྲགས་པ་དང་སྤྱོད་ལམ་རྩོལ་བཅག་མ་བསྟེན་པ། བརླན་ཅན་གྲང་བའི་ཡུལ་དུ་བསྡད་པ། དེ་མིན་སྙིང་ལ་ནད་ཞུགས་པ་སོགས་ལས་སློང་བ་ཡིན།
ནད་རྟགས།
བརྗེད་ངས་ཆེ་སྟེ་དྲན་པའི་དབང་བོ་ཉམས་ཤིང་ཤེས་པ་ལྕི་བ་དང་། དོན་མེད་དུ་སེམས་ལས་ཆེ་བ་དང་། དུས་ནམ་ཡང་ལུས་ཉོབ་པ། ལུས་སྟོད་བརྒྱངས་ཤིང་སྙིང་གར་རྡོ་བརྫངས་པ་ལྟ་བའི་སྣང་བ་སྐྱེས་པ་བཅས་ཡིན།
ནད་ཇེ་ལྕི་སོང་ན་གཉིད་ཆེ་བ་དང་ལུས་ཐང་ཆད་པ། འགྲོ་དཀའ་བ་དང་སྐབས་སྐབས་ལ་མགོ་ཡུ་འཁོར་བ། ཡར་ལངས་དུས་གློ་བུར་དུ་མགོ་ལ་ནག་དུབ་སྐྱེས་ནས་ལུས་འཁྱོམ་པ་དང་བརྒྱལ་བ། ལུས་དྲོད་ཆུང་ལ་ཁ་ཟས་ཀྱི་དང་ག་ཞན་པ། ལུས་སྟོབས་ཉམས་པ་བཅས་དང་། རྐྱེན་གསལ་བོ་མེད་པར་ལུས་སྦོ་བ་དང་འདུག་མི་ཚུགས་པ་སོགས་བྱུང་བ་ཡང་ཡོད།
རྩ་རྒྱུད་བྱིང་ལ་དལ་བ་དང་སྐབས་སྐབས་སུ་སྡོད་འཐེན་ཡང་ཡོད་པ་ཡིན།
དྲི་ཆུ་དཀར་ལ་དྲི་རླངས་ཆུང་བ་ཡིན།
ལྕེ་མདོག་དཀར་སེར་དྲག་པ་མཐུག ལྕེ་སྟེང་སོ་རྗེ་བབས་ཡོད་པ་སོགས་མངོན།
གཞོགས་འདེགས་བརྟག་དཔྱད།
སྙིང་འཐིབས་ཅེས་པའི་ནད་འདི་སྙིང་གི་པར་རིས་ལས་སྙིང་གི་ལྡང་ཚད་དལ་བ་དང་མི་སྙོམས་པ། དེ་མིན་སྙིང་གི་དབང་རྩའི་བརྡ་རྒྱུན་འགག་པ་སོགས་མངོན་པ་ཡིན།
འཁྲུལ་སོ་བསལ་བ།
སྙིང་རླུང་དང་འཁྲུལ་སོ་བསལ་བ། ལུས་འདར་སྟོད་བརྒྱངས་ཤེས་པ་འཁྲུལ་བ་ལས་སེལ་ནུས་སོ། །
མགོ་རླུང་དང་འཁྲུལ་སོ་བསལ་བ། མགོ་འཁོར་བ་དང་རྣ་བ་འུར་བ་སྐྱུགས་ཅིང་ལངས་འགྱེལ་བུབ་ཕྱི་ཡུལ་འཁྱོམས་པ།
གསོ་ཐབས།
གསོ་ཚུལ།
བད་ཀན་བེ་སྣབས་སྐྱུགས་ཀྱིས་སྦྱོང་བ་དང་ལུས་ཁམས་ཀྱི་མེ་དྲོད་གསོ་བ། གཞན་ནད་བབས་ལ་གཞིགས་ནས་དཔྱད་བསྟེན་པའོ།
བཅོས་ཐབས།
ཟས། ཁ་ཟས་འབྲུ་རྙིང་གི་རྩམ་པ་དང་། སྐམ་སའི་ཤ སྦྲང་རྩིའི་ཆུ་བསྐོལ་སོགས་རྩུབ་པའི་ཟས་བསྟེན་དགོས། འཇུ་དཀའ་བའི་བསིལ་ཟས་སྣུམ་བཅུད་རིགས་སྤང་དགོས།
སྤྱོད་ལམ། གནས་དྲོ་སར་རྩོལ་བཅག་བྱེད་པ་དང་གོས་དྲོན་གྱོན་པ།
སྨན། ཁོང་སྨན་ལ་རྒྱམ་ཚྭ་བཞི་ཐང་དང་སེ་འབྲུ་ལྔ་བ། འབྲོང་རྩེ་ཨར་བརྒྱད། སྲོག་འཛིན་བཅུ་གཅིག་དང་། ལུས་དྲོད་ཉམས་ན་གསོ་བྱེད་ཉི་མ། མ་ཞུ་བ་ལ་རྒ་རྒོད་དགུ་བ་བཅས་གཏོང་བ།
དཔྱད། སྲན་མའི་དྲིལ་ཕྱིས་བྱ་ཞིང་སྤྱི་གཙིག་དང་དྲུག་བདུན། དཀར་ནག་འཚམས། བྱ་རོག་མིག་ཚིགས་པ་གསུམ་པ་སོགས་མེ་བཙའ་འཇོག་པ།
ཕན་འབྲས་ཚད་གཞི།
སངས་དྲག
གོང་ནད་རྟགས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
བརྗེད་ངས་ཆེ་སྟེ་དྲན་པའི་དབང་བོ་ཉམས་ཤིང་ཤེས་པ་ལྕི་བ་དང་དོན་མེད་དུ་སེམས་ལས་ཆེ་བ་དང་། དུས་ནམ་ཡང་ལུས་ཉོབ་པ། ལུས་སྟོད་རྒྱངས་ཤིང་སྙིང་གར་རྡོ་བརྫངས་པ་ལྟ་བའི་སྣང་བ་སྐྱེས་པ་སོགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་ཐ་མལ་དུ་ཚུད་པ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
ཕན་སྐྱེད་ཅི་ཡང་མ་བྱུང་པའམ་ཇེ་སྡུག་ཏུ་ཕྱིན་པ།