སྐད་འགགས།
ཡོང་ཁུངས། བོད་ཀྱི་གསོ་རིག་དྲ་བ། | ཀློག་གྲངས།
སྐད་འགགས་ནི་གྱེན་རྒྱུའི་རླུང་དང་བད་ཀན་རྟེན་བྱེད་ཀྱི་རྒྱུ་བ་ཉམས་པས་གྲེ་བར་ནད་ཕོག་སྟེ་སྐད་འགགས་པ་ལ་ཟེར།
རྒྱུ་རྐྱེན།
དྲོད་བཅུད་ཧ་ཅང་ཆེ་བའི་ཟས་སྐོམ་རིགས་དང་སྐད་ཤུགས་ཆེན་པོས་བོས་པའམ་ཀློག་པ། བསྡད་ཡུན་རིང་བ་སོགས་དང་། དེ་བཞིན་གློ་བུར་གདོན་གྱི་རྐྱེན་སོགས་ལ་བརྟེན་ནས་ནད་འདུ་བ་འཁྲུགས་པས་ཆམ་ཚད་གྲེ་བར་ཕོག་པ་སོགས་ཀྱིས་སྐད་འགགས་ཀྱི་ནད་བསྐྱེད་པ།
ནད་རྟགས།
རླུང་ལས་གྱུར་པ་སྐད་རེས་འགར་འགགས་ཆེ་ལ་རེས་འགར་འགགས་ཆུང་བས་སྐད་ལ་འཕེལ་འགྲིབ་ཆེ་བ་དང་། གྲེ་བའི་ནང་གྲ་མས་གང་ཡོད་སྙམ་པའི་ཚོར་སྣང་འབྱུང་བ་དང་། གྲེ་བ་རྩུབ་ལ་ཚ་བ་བཅས་ཀྱི་རྟགས་འབྱུང་། མཁྲིས་གྱུར་གྲེ་བ་ཚ་ལ་སྐམ་ཤིང་གོ་བརྡ་མི་འཕྲོད་པའམ་ཚིག་ཐོན་མི་ཐུབ་པའོ། བད་ཀན་ལས་གྱུར་པར་ལྗན་ལྗིན་བེ་སྣབས་ཀྱིས་འགུལ་བ་འགག་ལ་སྐད་གདངས་དམའ་ཞིང་འཛེར་བ།
ཁྲག་གྱུར་དྲགས་ཤུལ་དང་བཅུད་ཆེན་པོའི་རིགས་གནོད་ཅིང་གྲེ་བ་དམ་པ་སྟེ་གྲེ་བ་དོག་པོར་ཆགས་ནས་སྐད་འགགས་པའོ།
རྩ་སྦོམ་ལ་གྲངས་མྱུར་བ།
ཆུ་སེར་ལ་རྙོགས་པ།
ལྕེ་དམར་ལ་རྩུབ་པ།
འཁྲུལ་སོ་བསལ་བ།
སྐད་འགགས་རླུང་མཁྲིས་ཁྲག་གྱུར་གསུམ་སྐད་ཀྱི་གདངས་འགྱུར་བ་འདྲ་མོད། རླུང་གྱུར་ལ་སྐད་ཀྱི་གདངས་འགྱུར་བའི་རང་བཞིན་མི་བརྟན་ཞིང་གྲེ་བ་གྲ་མས་གང་སྙམ་གྱིས་རྩུབ་ལ་ཚ་བ། ་ན་ཟུག་ཡོད་པ། མཁྲིས་གྱུར་ལ་གྲེ་བ་ཚ་སྙམ་ཚིག་མི་ཐར་བ། ཁྲག་གྱུར་ལ་སྤྱོད་ལམ་དྲགས་ཤུལ་དང་སྣུམ་བཅུད་དེ་ཤ་རྙིང་མར་རྙིང་ལྟ་བུས་གྲེ་བ་དམ་དམ་དུ་འགྱུར་འགྲོ་བའོ།
གསོ་ཐབས།
གསོ་ཚུལ།
ཟས་སྤྱོད་ཐད་ཀྱི་སྤང་བླང་བསྲུང་བ། འདུ་བ་སྙོམས་པ། ཐ་མ་སླར་མི་ལྡོག་པའི་རྗེས་གཅོད།
བཅོས་ཐབས།
ཟས་སྐོམ། རྩམ་ཤ་ཡིབས་དང་ཤ་བསྲེགས་སྒོག་ཙོང་དང་། མར་དང་ཐུག་རྙིང་དང་། ཁ་ཚའི་ཟས་དང་གར་ཆང་ཚ་སྐྱུར་སྤངས་ཏེ་རོ་མངར་བའི་རིགས་བསྟེན།
སྤྱོད་ལམ། མེ་ཉིས་གདུངས་པ་དང་དྲགས་ཤུལ་སྤངས། བསིལ་དྲོད་སྙོམས་པོར་སྡོད་ཅིང་འཁྲུགས་ལས་སོགས་སྤངས་ཏེ་ཆམ་རིམས་མི་ཕོག་པར་བྱའོ།
སྨན། སྐད་འགགས་སེལ་བའི་ཅུ་གང་ལྔ་ཐང་སྟེ། ཅུ་གང་། ཤིང་མངར། སྤང་རྒྱན་དཀར་པོ། རུ་རྟ། རྒུན་འབྲུམ་ཀ་ར་དང་སྦྱར་ལ་བཏང་། ཡང་ན་ཨ་རུ་བདུན་པ་སྟེ། ཨ་རུ། ཅུ་གང་། ཤིང་མངར། སྤང་རྒྱན་དཀར་པོ། སྲོ་ལོ། སུག་སྨེལ། ལི་ཤི་ཀ་ར་དང་སྦྱར་ལ་བཏོང་བ། སྤང་རྒྱན་བདུན་པ་སྟེ། ཅུ་གང་། གུར་གུམ། ལི་ཤི། ཤིང་མངར། རྒུན་འབྲུམ། ཤིང་ཚ། སྤང་རྒྱན་དཀར་བོ་ཀ་ར་སྦྱར་ལ་བཏོང་བ།
དཔྱད། ཁྲག་ཤས་ཆེ་ན་ཐོང་རྩ་རྩེ་ཆུང་གཏར། མཁྲིས་པ་ཤས་ཆེ་ཆུ་བསིལ་ཞུགས་པར་བྱ། བད་ཀན་ཤས་ཆེ་སྐྱུགས་ཀྱིས་དྲངས་བ་གཅེས། རླུང་ཤས་ཆེ་ན་ཞུན་མར་བསྐུ་མཉེ་བྱ།
ཕན་འབྲས་ཚད་གཞི།
སངས་དྲག གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ། སྐད་ལ་འཕེལ་འགྲིབ་ཆེ་བ་དང་། གྲེ་བའི་ནང་གྲ་མས་གང་ཡོད་སྙམ་པའི་ཚོར་སྣང་བྱུང་བ་དང་། གྲེ་བ་རྩུབ་ལ་ཚ་བ། སྐམ་ཞིང་ཚིག་མི་ཐར་བ། ལྗན་ལྗིན་བེ་སྣབས་ཀྱིས་འགུལ་བ་འགག་ལ་སྐད་གདངས་དམའ་ཞིང་འཛེར་བ་སོགས་ཀྱི་རྟགས་ཕལ་ཆེར་མེད་པར་གྱུར་ཏེ་ནད་མངོན་གསལ་ཀྱིས་ཇེ་དགར་ཕྱིན་པ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།