དབུགས་མི་བདེ་བའི་ནད་ཅེས་བ་ནི་བད་ཀན་འཕེལ་བས་དངས་མའི་ལམ་བཀག་པའམ་ལུད་པ་འཕེལ་བས་ཨོལ་ཀྲོང་གི་དབུགས་ལམ་བཀག་ནས་དབུགས་གཏོང་ལེན་མི་བདེ་བ་ལ་ཟེར།
རྒྱུ་རྐྱེན།
མ་ཞུ་རྒྱུ་བྱས་བད་ཀན་འཕེལ་བས་དངས་མའི་ལམ་བཀག་པ་དང་། ལུད་པ་འཕེལ་བར་གློ་ལུ་ཞིང་དབུགས་རྒྱུ་བའི་ལམ་བཀག་པ་ལས་བྱུང་།
ནད་རྟགས།
སྙིང་ག་དང་རྩིབ་ལོགས་ཕུས་བརྒྱངས་སྙམ་ནས་ན་ཞིང་གཟེར་བ།
ལྟོ་བ་སྦོ་ལ་དབུགས་རྒོད་པའམ། ཡང་ན་གཞའ་བ་སྟེ་གབ་པའི་བག་ལ་ཉལ་བར་འགྱུར།
རྩ་རྒྱུད། རྒྱུ་བ་བྱིང་ལ་སྟོང་ཤས་ཡོད་པ།
དྲི་ཆུ། མདོག་དཀར་ཞིང་ཝུ་བ་གསོབ་པ་བཅས་ཀྱི་མངོན་ཚུལ་འབྱུང་།
ལྕེ། མདོག་དམར་ལ་ཅུང་གས་པ།
གཞོགས་འདེགས་བརྟག་དཔྱད།
ནད་ལྡང་བའི་སྐབས་སུ་Xཔར་ལས་གློ་བའི་ངོས་ལ་གོར་དབྱིབས་ཅན་གྱི་རྟགས་ཐོན་པའམ། སྙིང་པར་ལས་རྒྱུ་བ་མགྱོགས་པའི་མངོན་ཚུལ་ཡོད།
འཁྲུལ་སོ་བསལ་བ།
གློ་ནད་ཚ་བ་དང་གློ་རྒྱས་ནད་ལའང་དབུགས་རྔམ་པའམ་རྒོད་པའི་མངོན་རྟགས་ཡོད་ཀྱང་། གློ་ཚད་ཚ་གཟེར་ཡིན་ན་གཟེར་ཟུག་ཡང་ཡང་ལྡང་བས་ཉལ་མི་བདེ་ཞིང་། དབུགས་དྲག་པོར་གྱེན་དུ་རྩེག་པ་ལྟར་ཧལ་ཞིང་འབྱིན་དཀའ་བ། ལུད་པའི་མདོག་དམར་སེར་འབྱུང་བ་དང་གཟེར་ཟུག་ཁྱད་པར་དུ་ལྡང་། གློ་རྒྱས་ལ་མིག་སྤྲིན་དམར་ཞིང་ལྕེ་མཆུ་མཁུར་ཚོས་སོགས་མདོག་སྨུག་ལ་སྐད་འཛེར་བ། སྟོད་བརྒྱངས་བ་ལྟར་ན་ཞིང་དབུགས་ཐུང་རྔམ་ལ་རྒོད་པ། ལུད་མདོག་དམར་པོ་འོང་བ། དབུགས་མི་བདེ་བའི་ནད་ལ་སྙིང་ག་དང་རྩིབ་ལོགས་ན་ཞིང་གཟེར་བ། ལྟོ་བ་སྦོ་ལ་དབུགས་རྒོད་པ་ལས་སོ་སོ་མི་འཁྲུལ་བར་བྱ།
གསོ་ཐབས།
གསོ་ཚུལ།
ཐོག་མར་གཉན་ཚད་གཅོག་པ་དང་། བར་དུ་དབུགས་རྒྱུ་བདེ་བར་བྱ། མཇུག་ཏུ་ནད་རོ་བཏོན་ནས་ནད་གཞི་སླར་མི་ལྡང་བར་བྱ་དགོས།
བཅོས་ཐབས།
ཟས། མར་གསར་དང་ཞོ་སྤྲིས། ཉ་ཤ་ལྟ་བུ་རླན་གནས་ཀྱི་ཤ་སོགས་མདོར་ན་གསར་བཅུད་ལྡན་པའི་ཟས་སྐོམ་གྱིས་ལུས་ཟུངས་གསོས་ཏེ་ལུས་ཁམས་ཀྱི་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས།
སྤྱོད་ལམ། རྩོལ་དྲག་དང་། དུ་བ་དང་ཐལ་རྡུལ་བཙོག་པར་འཛེམ་པ་དང་། གོས་སྲབ་པས་ལུས་གྲང་བ་དང་། རྒྱུན་དུ་ཆུ་ཡིས་ལས་རིགས་སྤང་ནས་རྩོལ་བཅག་རན་ཏཱམ་བསྟེན་པར་བྱ།
སྨན། རྒུན་འབྲུམ་བདུན་པ་སྲོ་ལོ་བཞི་ཐང་གིས་དབུལ་བ། ལི་ཤི་བཅུ་གཅིག་པ་མ་ནུ་བཞི་ཐང་གིས་དབུལ། ཡང་ན་ཅུ་གང་། ཤིང་མངར། པི་པི་ལིང་། མ་ནུ། སླེ་ཏྲེས། བིལ་བ། སྲོ་ལོ་དཀར་པོ། ཀཎ་དྲ་ཀ་རི། བཅའ་སྒ་བཅས་སྦྲང་དང་སྦྱར་བས་སྐྱིགས་བུ་དབུགས་མི་བདེ་བའི་ནད་རྣམས་སེལ།
དཔྱད། བུ་གར་གནས་བའི་བད་ཀན་བསལ་ཕྱིར་རྒྱམ་ཚ་ཏིལ་མར་སྦྱར་བ་རུ་གའི་ཁ་སོགས་ལུས་ཀུན་ལ་བྱུགས། སྐེ་སྟོང་དང་ཚིགས་པ་དང་པོ་བསྲེག ཁྲག་ལས་གྱུར་བར་རྩེ་ཆུང་དང་ཐོང་རྩ་གཏར།
ཕན་འབྲས་ཚད་གཞི།
སངས་དྲག
གོང་གསལ་གྱི་རྟགས་རྣམས་མེད་པར་གྱུར་ཏེ་ནད་སངས་དྲག་ཏུ་ཕྱིན་པ།
སྐྱེད་ཆེ་བ།
སྙིང་ག་དང་རྩིབ་ལོགས་ཕུས་བརྒྱངས་སྙམ་ནས་ན་ཞིང་གཟེར་བ། ལྟོ་བ་སྦོ་ལ་དབུགས་རྒོད་པའམ། ཡང་ན་གཞའ་བ་སྟེ་གབ་པའི་བག་ལ་ཉལ་བར་འགྱུར་བ་སོགས་ཀྱི་རྟགས་ཕལ་ཆེར་མེད་པར་གྱུར་ཏེ་ནད་མངོན་གསལ་ཀྱིས་ཇེ་དགར་ཕྱིན་པ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།