གསེར་གྱི་དུག་འདོན།
ཡོང་ཁུངས། | ཀློག་གྲངས།
དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུའི་སྦྱོར་བ་བཅས་ཀྱི་ལག་ལེན་ནག་འགྲོས་སུ་བཀོད་པ་ཟླ་བའི་འོད་ཟེར་ལས་རྫ་སྣོད་གཙང་མའི་ནང་དུ་ཆང་སྐྱུར་ཆ་གཅིག མཚུར་ཆ་གཉིས། གྲུང་ཆུ་ཆ་གཅིག་སྟེ་ཆ་མཉམ་པ་ལ་སྟར་བུའི་གྲུང་ཆུ་ཅུང་ཟད་བླུགས་པའི་སྐྱུར་ཆུ་གསུམ་ལ་གསེར་སྦྲང་གཤོག་རྣམས་ཇ་ཡུན་ཙམ་སྟེ་ཆུ་ཚོད་གཅིག་དང་སྐར་མ་སུམ་ཅུ་ཙམ་གྱི་ཡུན་བཙོས་ནས་སྣོད་དང་ཁུ་བ་དེ་ནང་ཞག་གཅིག་བསྙལ། སང་ནངས་བར་ཁུ་བ་དེའི་ནང་ལྷོག་གཅིག་ཁོལ་བར་བྱས་ལ་ཁུ་བ་བཞུར་ནས་འཕོ། ཆུ་གྲང་གིས་ལན་གསུམ་བཀྲུ་བཤལ་བྱ། སླར་ཡང་སྐྱུར་གསུམ་ཆུ་སྔ་མ་ལྟ་བུའི་ནང་དུ་ཆུ་ཚོད་རེའི་ཡུན་ཙམ་བཙོས་རྗེས་ཁུ་བ་དོར་བ་དང་། ཆུ་གྲང་གིས་ལན་གསུམ་བཀྲུ་བཤལ་བྱ་བ་བཅས་ལན་གཉིས་བྱ། དེ་ནས་གཙང་མར་བཀྲུས་བའི་སྣོད་ཆས་ནང་དུ་ལོ་བརྒྱད་དྲི་ཆུར་ཟར་མ་ཞག་གཅིག་སྦངས་བའི་ཁུ་བ་དར་ཚགས་སུ་དྲངས་བ་བླུགས། བུལ་ཏོག་ཐུར་མགོ་འབྲིང་བ་གང་རེ་བཏབ་པ་ལ་ལན་གསུམ་བཙོ་ཞིང་བཙོ་ཐེངས་རེའི་བར་མཚམས་སུ་ཆུ་གྲང་གིས་ལན་གསུམ་བཀྲུ་བར་བྱ། དེ་ནས་གཡའ་འཕྲོག་པའི་ཕྱིར་དུ་ཆང་སྐྱུར་ནང་ཚ་ལ་བུལ་ཏོག་གཉིས་ཀྱི་ཕྱེ་མ་ཐུར་མགོ་རེ་རེ་བཏབ་པའི་ནང་ཆུ་ཚོད་གཉིས་ཙམ་བཙོས་ཞིང་ཁུ་བ་ཕྱིར་བཞུར། ཆུ་གྲང་གིས་ཡང་ཡང་བཀྲུ་བཤལ་དང་། གཡའ་གཏན་ནས་མེད་པར་ཤིན་ཏུ་དག་པར་བྱ་དགོས་བ་བཅས་ཁྱོན་བཙོ་བཀྲུ་ལན་བདུན་བྱ།འདིས་མཚོན་ལྕགས་ཁམས་བཙོ་བཀྲུ་དགོས་རིགས་ཐམས་ཅད་བཙོ་ཐེངས་རེའི་མཚམས་སུ་ཆུ་གྲང་གིས་ལན་གསུམ་བཞི་རེ་བཤལ་བ་དང་། སྦྲང་གཤོག་རེ་རེ་བཞིན་དག་པར་བཀྲུ་བ་དང་། བཀྲུས་ཟིན་ནས་ཤིང་ལེབ་ལྟ་བུར་ལྟེབས་གཉེར་བསྲངས་ཤིང་དབུར་ནས་སྐམ་རྗེས་བསྲེག་རྫས་བྱུགས། བཙོ་བཀྲུ་གྲངས་ཀ་ཉི་མས་མ་ལྕོགས་ན་ཞག་རེའི་བར་མཚམས་འཇོག་དགོས་བྱུང་ན་འདོན་ཁུ་གང་ཡིན་དེ་ཉིད་དང་མཉམ་དུ་བསྙལ་ནས་ལྷོག་གཅིག་ཁོལ་བར་བཙོས་ཏེ་བཀྲུ་བཤལ་བྱ། བཙོ་བསྲེག་གི་རྫས་སུ་ཚ་ལ་དགོས་རིགས་རྣམས་དམིགས་བསལ་མ་གཏོགས་ཆུ་མ་བཅད་པའི་རྒོད་པོ་ཡིན་པ་དང་། མུ་ཟི་དུག་མི་འདོན་པ་དང་། སྦྱར་ཚད་ལས་སྲང་མེད་ཞོ་ལྔ་རེ་སྤར་དགོས་པ་སོགས་ཀྱང་ཤེས་བར་བྱ།
དེ་ནས་བསྲེག་རྫས་ནི་གསེར་དང་རང་མཉམ་པའི་ལྡོང་རོས། ཉིས་འགྱུར་གྱི་ཞན་ཐལ། བཞི་འགྱུར་གྱི་མུ་ཟི་ཡིན་པར་བཞེད་པས། གསེར་སྲང་གང་ལ་མཚོན་ན། ལྡོང་རོས་སྲང་གང་། ཞན་ཐལ་སྲང་གཉིས། མུ་ཟི་སྲང་བཞི་ཞོ་ལྔ་བཅས་ཡིག་ཆ་ཇ་མ་རྣམས་ཀྱི་དངོས་བསྟན་འདི་ལྟར་ཡིན་ཀྱང་། འདིའི་སྟེང་ཚ་ལ་ཆུ་བཅད་མ་བཅད་ཕྱེད་ཆར་བྱས་པ་སུམ་འགྱུར་མ་བསྣན་ན་མི་འགྲུབ་པ་དང་ཟར་མ་དང་། ཏིལ་དཀར་ནག་ཕྲན་བུ་རེ་བསྣན་པ་དང་། བསྲེག་རྫས་རྣམས་སྐྱེད་འགྲོས་མ་སྤར་ན་ཚིག་དཀའ་བས། སྐྱེད་འགྲོས་སྤར་ནས། གསེར་སྲང་རེ་ལ། ལྡོང་རོས་སྲང་གཅིག་ཞོ་གཉིས་སྐར་ལྔ། ཞན་ཐལ་སྲང་གཉིས་ཞོ་ལྔ། མུ་ཟི་སྲང་ལྔ་ཞོ་ལྔ་བཅས་གཙོ་བོ་དང་། དེའི་སྟེང་ཚ་ལ་ཆུ་བཅད་མ་བཅད་ཕྱེད་ཆར་བྱས་པ་སྲང་གསུམ་ཏིལ་དཀར་ནག་ཞིབ་བཏགས་བྱས་པ་སོ་སོ་ནས་སྲང་མེད་ཞོ་ལྔ་བཅས། སྲེག་རྫས་རྣམས་བསྲེ་འཕུར་བྱས་ཏེ་ཟར་མ་ཆུར་སྦངས་པའི་ཁུ་བ་དང་། ར་འོས་སྐྱོ་མ་འབྲུ་ཞོ་ཙམ་བྱས་ནས་སྦྲང་གཤོག་གི་གྲངས་དང་མཉམ་པར་སྲེག་རྫས་རྣམས་བགོ་བཤའ་བརྒྱབ་སྟེ་རེ་རེ་བཞིན་ལ་སྲབ་མཐུག་མེད་པར་ཐིམ་ངེས་བྱུག སྦྲང་གཤོག་རེ་རེ་བཞིན་རས་དཀར་དྲི་མེད་ནང་དུ་ལེགས་པར་བཏུམས་ནས་སྐམ་ཐག་ཆོད་རྗེས་གོང་སྨྲོས་སྲེག་སྣོད་དེའི་ནང་དུ་མཐིལ་དུ་གསོམ་ཤིང་གི་སོལ་ཕྱེ་ཁོད་སྙོམས་བཏང་བའི་ཁར། གསེར་ལྡེབས་རྣམས་རིམ་བཞིན་བཀོད། བར་གསེང་རྣམས་སུ་སོལ་ཕྱེ་སག་བརྫངས་ནན་ཏན་བྱས་ནས་གོང་གསལ་བཞིན་ཁ་དམ་པོར་བསྡམས་ཏེ་སྐམ་ཐག་ཆོད་རྗེས་བསྲེག་ཐབ་ཏུ་བརྟན་པོར་བཙུགས། སྟེང་ནས་སོལ་བས་གཡོགས། དང་པོ་མེ་ཤེད་ཅུང་ཙམ་ཆུང་བ་ནས་རིམ་བཞིན་ཆེ་རུ་བཏང་ནས་བསྲེགས།ཡིག་ཆ་གཞན་དུ་སྦུད་པ་བརྒྱག་དགོས་དང་། བར་མཚམས་མེད་པར་ཉིན་མཚམས་གསུམ་ཙམ་རིང་མེ་ཤེད་ཆེ་ཙམ་གྱིས་བསྲེག་དགོས་བར་གསུང་ཡང་མེ་ཐབ་ཚ་དབལ་ཤིན་ཏུ་ཆེ་ན་སྦུད་པ་རྒྱག་མི་དགོས་པར་ཆུ་ཚོད་བཅུ་གཉིས་ལ་བསྲེག་ན་འགྲུབ།མེ་མཚམས་བཅད་ནས་གསེར་སྣོད་གྲང་རྗེས་ཁ་ཕྱེ་ཞིང་། སོལ་ཕྱེ་བཙལ་བས་སྦྲང་གཤོག་རྣམས་ནག་པོར་གྱུར་ནས་སེན་མོས་བཅག་རྒྱུ་ཡོད་པ་དང་། སོ་བར་འཆའ་དུས་སག་སྒྲ་དང་བཅས་ཞིག་འགྲོ་བ་བྱུང་ན་ལེགས་པའི་ཚད་ཡིན་ལ། གལ་སྲིད་ཐིགས་པོ་ཁ་ཤས་འདྲིལ་ཡོད་ནའང་། རྡོ་གཞོག་དུ་འདུལ་བས་གསེར་མདངས་བཅས་ལེབ་མོར་འགྲོ་བ་དང་། ཡང་ན་སྦྲང་གཤོག་རྣམས་སྔར་བཞིན་གསེར་མདོག་མ་ཉམས་པའམ་གསེར་མདོག་ཉམས་པ་ཙམ་ལས་མ་བྱུང་བ། ཡང་ན་གསེར་གཤོག་རེ་ཟུང་མ་ཚིག་པ་བཅས་ནི་སླར་བསྲེག་དགོས་པས། དེ་ལ་བསྲེག་རྫས་རྣམས་སྔ་མ་བཞིན་དུ་བྱུག་ན་ཚིག་སླ་བ་དང་། གསེར་མདོག་ཇི་ཙམ་ཉམས་ཡོད་མེད་ལ་དཔག་ནས་མེའི་ཚོད་ཀྱང་དེ་བཞིན་ཤེས་དགོས།
ལག་ལེན་གཅེས་རིགས་བསྡུས་པ་སྨན་ཀུན་བཅུད་དུ་བསྒྲུབ་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད་ལས་གསེར་དངུལ་ཟངས་ལྕགས་གང་ཡང་བསླད་མེད་པར།། བཞུ་བརྡུངས་བྱས་པའི་ཞུན་ཐེབས་མར་འདྲ་དགོས།། གསེར་ནི་ལབ་ལེབ་མེད་པར་ཞིབ་བྱས་ཏེ།། དངུལ་ལ་གསེག་བརྡར་རྒྱག་སོགས་གང་འགབ་སྦྱར།། བསླད་མེད་ཚ་ཆུར་བརྡུང་བཏགས་ཇ་དྲོ་ཙམ།། བྱས་པས་གཡའ་དོན་དེ་ནི་ཆུ་ཡིས་བཀྲུས།། དེ་བཞིན་སྤྱིན་དང་སུག་པར་མཉེ་བ་ཡིས།། དྲི་མ་ཕྲལ་ནས་མུ་ཟི་དུལ་མ་མཆོག། གསེར་ལས་སུམ་འགྱུར་ཚ་ལ་ཆུ་བཅད་པ།། ཉིས་འགྱུར་ཏིལ་ནག་གསེར་དང་མཉམ་པ་རྣམས།། ཞིབ་བཏགས་ཟར་མའི་མར་ཁུས་སྦྲུས་བྱས་ལ།། རིལ་བུ་སྲན་མ་ཙམ་དྲིལ་ལེགས་བསྐམས་ནས།། ཀོང་བུར་བཅུག་ལ་ཁ་བཀག་འདག་ཞལ་བཅས།། དུ་བ་མ་ཤོར་མུ་ཟི་དྲི་སངས་བསྲེགས།།
ཡང་ན་གསེར་དེ་སྦྲང་གཤོག་ལེགས་པར་བརྡུངས།། དུམ་བུར་གཏུབ་ལ་ཀོང་བུའི་ནང་དུ་བླུགས།། དེའི་སྟེང་དངུལ་ཆུ་ཚ་ལ་མུ་ཟི་བླུག། འདྲེས་བར་དཀྲུགས་ལ་དེ་སྟེང་ལྕི་བ་ཡི།། ཐལ་བས་དམ་དགག་དེ་ཁ་འདམ་གྱིས་བཅད།། དུ་བ་མ་ཤོར་སོལ་མེས་ཚུལ་བཞིན་བསྲེག།
ཡང་ན་ཐུན་མོང་མིན་པའི་མན་ངག་ནི།། གསེར་གྱི་སྦྲང་གཤོག་ཞོ་གང་ལྗིད་མཉམ་པའི།། མུ་ཟིའི་སྐྱོ་མས་ཕྱི་ནང་ཁྱབ་པར་བྱུགས།། བར་དུ་རས་དཀར་དྲི་མེད་སྟེང་རིམ་བཞག་ལ།། རིམ་པའི་གསེར་བཞག་ཀོང་བུར་བསྒྲིགས་ལ་བཞག། ཕྱི་ནས་འདམ་པས་དྲིལ་སྐམ་གས་མེད་པར།། ལྕི་བའི་མེ་སྒོང་ནང་དུ་འཚོས་བར་བསྲེགས།། རྫ་མདོག་དམར་ལ་མུ་ཟི་དྲི་མ་སངས།། འཚོས་བའི་ཚད་ཡིན་གྲང་ནས་ཕྱི་ལ་འདོན།། རས་ཐལ་ཕུས་བཏབ་དྲི་མ་ཆུ་ལ་བཀྲུས།། ཟངས་ཀྱི་ཐལ་བའང་སྦྱོར་བ་འདི་གས་འགྲུབ། །
ཡང་གཅིག་གསེར་གྱི་སྦྲང་གཤོག་རང་མཉམ་པའི།། མུ་ཟི་དེའི་ཕྱེད་ཞ་ཉེའི་ཐལ་བ་གཉིས།། སྦྱར་འདག་བྱུག་ལ་གོང་ལྟར་བསྲེགས་ཀྱང་འགྲུབ།།