ཚྭ་བཟོ་འདུལ་ཐབས།
ཡོང་ཁུངས། | ཀློག་གྲངས།
བཟོ་ལ་ཚྭ་བཟོ་དང་རྩི་བཟོ་གཉིས་ལས། བཟོ་ཚྭ་ལག་ལེན་བཅུ་དྲུག་ཡོད་པའི་གཞན་རྣམས་ལོགས་སུ་ཤེས་དགོས་ཤིང་། འདིར་ཚྭ་སྲེག་སྦྱོར་བ་ཆེ་འབྲིང་ཆུང་གསུམ་གྱི་ལག་ལེན་བྲི་བར་བྱ་སྟེ། དེ་ལ་ཚྭ་སྲེག་ཆེན་མོའི་ལག་ལེན་ནི། ཚྭ་བཟང་པོ་ལྷད་མེད་ཕུལ་དོ་དང་འབྲོང་གཡག་དར་མའི་རྭ་ཕྱེ་ཕུལ་ཕྱེད། རྭ་སྣ་ཚོགས་ཀྱི་ཕྱེ་མ་ཕུལ་ཕྱེད། སྒྲོན་ཤིང་པི་ལིང་ཕུལ་གང་རེ་དེ་རྣམས་གཙོ་བོ་ཡིན། འཁོར་ནི་སྔོའི་ཚ་བ་གསུམ་ཁྱོར་བ་རེ། རྒྱམ་ཚ་ཁ་རུ་ཟེ་ཚ་སོགས་ཚྭ་སྣའི་རིགས་གང་འཛོམས་རིལ་མ་ཙམ་རེ། ཨ་རུ་གསེར་མདོག་རྡོག་པོ་གསུམ་མཆུ་སྙུང་རྡོག་པོ་གསུམ་བ་རུ་རྡོག་པོ་གཅིག སྐྱུ་རུ་ར་དེ་དང་མཉམ་པ་བཟང་དྲུག སེ་འབྲུ་སྡིག་སྲིན་ཙི་ཏྲ་ཀ་རྣམས་ཐུན་རེ། ཕུག་རོན་རིལ་མ་བྱ་སྒོང་གང་བྱང་བ་གསུམ་དང་དུར་བྱིད་ཐུན་གཅིག་མར་དུ་བཙོས་པ། དེ་ཐམས་ཅད་ཞིབ་ཏུ་བཏགས་ལ་བ་ཞོ་ཕུལ་རེ་ཆང་ཕུལ་གསུམ་དང་སྦྱར་ལ་དཀྲུགས་ཤིང་ལྕགས་སྣོད་ཀྱི་ནང་དུ་བཙོ་འཕྲུལ་བོར་སོང་བ་ན་སླ་ང་ཁ་སྦྱར་གྱི་ནང་དུ་དུ་བ་མ་ཤོར་བར་ཉིན་ཕྱེད་ཙམ་བསྲེག འོག་ནས་མེ་བུས་སྟེང་ནས་གནོན་སྲུབས་ཀྱི་མེ་སྔོན་པོ་ཡལ་བ་ན་གྲང་དུ་བཅུག་ལ་ཁ་ཕྱེ། འདི་རྐྱང་པ་གཏོང་ན་པི་ལིང་མར་ལ་བརྔོས་པའི་ཕྱེ་མ་ཐུན་རེ་དང་། ཚྭ་སྲེག་ཐུན་ལྔ་སྦྱར་ནས་ཆུ་སྐོལ་གྱིས་འཕུལ་བ་འམ་ཐང་དུ་བསྐོལ་ནས་གཏོང་།
ཟས་སྤྱོད་བསིལ་བ་སྤང་། ན་ཚ་བྱུང་ཡང་མི་འཇིགས་རླུང་བཅོས་ལ་འབད། དེ་ལྟར་བྱས་པས་ཚ་སྐྲན་གྲང་སྐྲན་གང་ཡིན་ཀྱང་སེལ་བའི་མཆོག་ཡིན། ཚྭ་སྲེག་འབྲིང་གི་ལག་ལེན་ནི། ལན་ཚྭ་དམར་པོ་ལྷད་བྲལ་ཆ་ལྔ། རྒྱ་ཚ་རྒྱམ་ཚ་མཛེ་ཚ་ཁ་རུ་ཚ་ཤིང་ཚ་ཚ་ལ་ཙི་ཏྲ་ཀ་ཕུད་ལ་ཕུག་སྐམ་པོ། ཆུ་རྩ་ལ་ལ་ཕུད་ཤུ་དག་ནག་པོ་ད་ལིས་ཚ་བ་གསུམ་གཡག་རྒོད་ཀྱི་རྭ་དང་། རྟ་དཀར་པོའི་རྨིག་པ་བཙའ་མ་སེར་ཙམ་བསྲེགས་པ། སྨན་ཆེན་བྲག་ཞུན་རྣམས་ཆ་མཉམ་པའི་ཕྱེ་མ་ཞིབ་མོ་ཉིས་འགྱུར་གྱི་བ་ཞོར་བཙོས་ནས་དྲིལ་བཏུབ་ཚེ་ཕབས་རྡོག་འདྲ་བ་མང་པོ་བྱས་ལ་སྐམ་དུ་བཅུག དེ་ནས་རྫ་བུམ་དུ་དུ་བ་མ་ཤོར་བར་བོང་མེས་ཚོས་པར་བསྲེགས་པས་འགྲུབ་ཅིང་། སྐྲན་རིགས་ལ་ཐོག་རྒོད་ལྟ་བུ་ཡིན། ཚྭ་སྲེག་ཆུང་ངུའི་ལག་ལེན་ནི། བ་ཚ་མེད་པའི་བྱང་ཚ་རོ་མངར་བ་སྔོ་ལ་དྭངས་པ་ཁྱོར་བ་དོ། འབྲོང་དང་རྒོད་ཤ་མཐེབ་མོ་ཙམ་སྦྱར་བ་ཞིབ་མོར་བཏགས་པའི་ཕྱེ་མ་བ་ཞོ་ཕུལ་དོར་བཏབ། དཀྲུགས་ནས་བཙོས་པས་ཆུ་ཚད་དེ་འཕྲུལ་བོ་བོར་སོང་ཚེ་ཚྭ་སྲེག་ཆེན་མོའི་སྐབས་ལྟར་བསྲེགས་པས། ཚོས་ཚད་ཞུན་དུ་སོང་ཚེ་ལེགས་པ་ཡིན།