ཨ་རུ་རའི་འདུལ་ཐབས།
ཡོང་ཁུངས། | ཀློག་གྲངས།
སྨན་སྦྱོར་བདུད་རྩི་གྲུ་ཆར་ལས་ཨ་བར་སྐྱུར་གསུམ་རུས་པ་དོར་བ་ཞིག་སྣང་ཡང་དམིགས་གསལ་དུག་སྨན་ལ་ཨ་བར་གྱི་རུས་པ་དང་། ཆུ་གཞིའི་སྨན་ལ་སྐྱུར་རུའི་རུས་པ་གཏན་ནས་མི་གཏོང་།
ཕན་བདེ་བང་མཛོད་ལས་ཨ་རུ་ར་ཚོས་ཤིང་མེར་བསྲེགས་ཐལ་བར་སྲོ་ཆང་དུམ་གཅིག་བླུགས་པར་ལྷོག་ཙམ་ཁོལ་བའི་ནང་ཞག་གཅིག་སྦངས། བཏོན་ལ་ཆུ་གཙང་གིས་བཀྲུས་བས་དུལ་བ་ཡིན།།
ཨ་རུ་ར། ཞི་བྱེད་རིན་ཆེན་སྐབས། ཨ་རུ་ར་རིགས་གང་ཡིན་ཡང་རུས་པ་དོར་ལ་ཤ་མེ་མུར་ནང་དུ་ཚོས་པར་བསྲེག་པའི་ཐལ་བ་དེ། གྲོས་ཕབ་པའི་ཆང་བཟང་པོ་རན་ཙམ་གྱི་ནང་དུ་བླུགས་ནས། དྲོ་སར་ཞག་གཅིག་སྟེ་དུས་ཚོད་ཉེར་བཞིའི་རིང་ལ་བསྙལ་དགོས་ཏེ། བསྙལ་ཁེབས་སྲབ་མཐུག་སོགས་ནི་ནམ་ཟླའི་དྲོ་གྲང་ལ་བསྟུན་དགོས། བཏོན་རྗེས་བསྙལ་ཆང་བཙགས་ནས་དོར། ཨ་རུའི་ཐལ་བ་ཆུ་གཙང་དྲོ་འཇམ་གྱིས་དག་པར་བཤལ་ནས་ཉི་མར་སྐེམ། སྦྱོང་བྱེད་སྐབས་། བཙོ་བའི་ཐབས། དཔེར་ན། ཨ་རུ་གསེར་མདོག་རྒྱ་མ་བཅུ་ལ་མཚོན་ན། དུར་བྱིད་ཡང་རྒྱ་མ་བཅུ་ཆུ་ལ་བསྡུས་ནས་ཁུ་བ་བཙགས་པའི་དྭངས་མའི་ནང་དུ་ཨ་རུ་བླུགས་ལ། ཞག་མ་གསུམ་རིང་དུ་སྦངས་ནས། བཏོན་རྗེས་རུས་པ་རྣམས་དོར། ཤ་རྣམས་སྔར་གྱི་བསྙལ་ཁུའི་ནང་དུ་ཁུ་བ་རང་ཐིམ་ལ་མ་སོང་གི་བར་དུ་སྣ་མ་ཚིག་པར་དཀྲུགས་བཞིན་བཙོས་ནས་ཉི་མར་སྐེམ། བསྲེག་ཐབས། དེའུ་དམར་བས། ཨ་རུ་ར་རང་ལས་སུམ་གྱུར་གྱི་ཟན་གྱི་ནང་དུ་བཏུམས་པ་དང་། ཡང་དེའི་ཕྱི་ནས་ཨ་རུ་རའི་དྲུག་གྱུར་གྱི་བ་ལྕིས་བཏུམས་ནས། མེ་མུར་ནང་དུ་དལ་བུས་བསྲེག་དགོས་པ་སོགས་གསུངས་པས། དཔེར་ན། ཨ་རུ་ར་རྡོག་པོ་གཅིག་ལ་སྲང་གང་ཡོད་པའི་དབང་དུ་བྱས་ན། རྩམ་པ་ཆུ་ལ་བརྫིས་པའི་ཟན་རློན་སྲང་གསུམ་གྱི་ནང་དུ་ཨ་རུ་དེ་བཏུམ་ནས་ཅུང་ཟད་སྐམ་པ་དང་། ཡང་དེའི་ཕྱི་རྒྱབ་ལ་བ་ལྕི་སྲང་དྲུག་གིས་བཏུམས་ནས་ཉི་མར་སྐེམ་ལ། དེ་ནས་བོང་བའི་མེ་མུར་ནང་དུ་བཅུག་ནས་ཡུན་རིང་གི་བར་དུ་བསྲེགས་ལ།དེ་ནས་བོང་བའི་མེ་མུར་ནང་དུ་བཅུག་ནས་ཡུན་རིང་གི་བར་དུ་བསྲེགས་ལ། ཚོས་པའི་ཚད་ནི། ཕྱི་སོའི་བ་ཡི་ལྕི་བ་དེ་ཐལ་བར་གྱུར་པ་དང་། བར་གྱི་ཟན་དེ་ནག་པོར་སོང་བ། ནང་གི་ཨ་རུའི་ཕྱི་རྩི་སེར་ཧྲོག་ཏུ་སོང་ལ། ཨ་རུའི་ཤ་མ་ཚིག་པའི་དུས་སུ་བླངས་ནས། གྲང་རྗེས་ཨ་རུའི་ཕྱི་ཐིམ་གྱི་ཟན་ལྕིའི་ཚིག་མ་དང་ཨ་རུའི་ནང་གི་རུས་པ་བཅས་དོར་ལ། ཤ་ཉར་ཚགས་བྱ། ཨ་རུ་རྗེན་པ་ལ། ཨ་རུ་མཆུ་རིང་གི་རྩེ་མོ་འཁྲང་ལ་འབུལ་བ། རོ་མངར་ལ་ཁ་བ་དེ་ལོགས་སུ་གྲིས་བཅད་ནས་མང་དུ་བསགས། དེ་ནས་བོང་མེའི་ཐལ་ཚན་ནང་ལ་མ་ཚིག་ཙམ་དུ་དྲོས་སུ་བཅུག་པས་ཚ་ངར་ཐོན་པས་ཆོགཀོང་སྦྲུལ་གྱིས། ཨ་རུ་རྗེན་པ་ནི། ཨ་རུ་རའི་ཕྱེ་མ་ལི་སྡེར་དུ་དྲོད་ཅུང་ཟད་ཡོད་པར་བྱས་ནས་བཅོ་ལྔའི་ཟླ་འོད་ལ་བཞག་པ། ཞེས་པས་གང་ལེགས་བྱ། སྤྱིར་བཏང་གི་ལག་ལེན་བྱེད་ཚུལ་ན། སྐྱུ་རུ་རའི་སྐབས་ལྟར་བྱ།
ཨ་རུ་ར་འདུལ་ཚུལ་ནི། ཨ་རུ་ར་ནི་ཐལ་ཚན་གསེབ་ཏུ་གདུལ་ཞེས་པ་ལྟར། ཨ་རུ་ར་མེ་ཉོར་གྱི་ནང་ཕྱེ་སེར་ཙམ་མ་སོང་བར་བསྲེག་པ།